ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལི་ནས་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་དམག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། སོ་མཱ་ལིའི་ལྷོ་ཕྱོགས་ཀྱི་ཞེ་པེ་ལེ་ཞོལ་མ་ས་ཁུལ་གྱི་མཱ་ཨར་ཁཱ་གྲོང་རྡལ་ནས་ཉིན་དེར་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཡོད་ཟེར། 

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་དམག་དཔོན་ཨ་པུའུ་ཏུའུ་ལཱ་ཞེ་ཨ་ལི་ཡིས་ཁ་པར་བརྒྱུད་དེ་གསར་འགོད་པར་བདེན་དཔང་བྱས་དོན། འཇབ་རྒོལ་མཁན་གྱིས་མཱ་ཨར་ཁཱ་གྲོང་རྡལ་གྱི་སྲིད་གཞུང་གི་གཞུང་སྒྲུབ་ཐོག་ཁང་ཆེན་མོའི་མདུན་ནས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་བ་དང་། མཱ་ཨར་ཁཱ་ས་ཁུལ་གྱི་ཆེད་དོན་པ་ཨ་པུའུ་ཏུའུ་ལཱ་ཞེ་ཨ་ལི་ཝ་ཧྥུའུ་འཇབ་རྒོལ་དེའི་ཁྲོད་རྐྱེན་ལམ་དུ་ཤོར་ཟེར། 

སོ་མཱ་ལིའི་ན་གཞོན་ཏང་གིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁྱབ་བསྒྲགས་བྱས་པར་མ་ཟད། འཇབ་རྒོལ་དམིགས་འབེན་ནི་ས་དེའི་སྲིད་གཞུང་དཔོན་རིགས་ཡིན་ཟེར། 

སོ་མཱ་ལིའི་ན་གཞོན་ཏང་ནི་རྟེན་གཞི་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་ལ་སོ་མཱ་ལི་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཏུ་འཇབ་རྒོལ་དོན་རྐྱེན་མང་དུ་བཟོ་བཞིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།