ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་འབྲུ་རིགས་གནད་དོན་ཆབ་སྲིད་ཅན་དུ་བསྒྱུར་མཚམས་འཇོག་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཝེ་ཨར་ཞེ་ཉིང་གིས་ཚེས་བཅུ་དགུ་ཉིན་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས། ནུབ་ཕྱོགས་རྒྱལ་ཁབ་དག་གིས་འབྲུ་རིགས་གནད་དོན་དེ་ཆབ་སྲིད་ཅན་དུ་བསྒྱུར་ནས་ཨུ་རུ་སིར་སྐྱོན་འཛུགས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་། 

ཝེ་ཨར་ཞེ་ཉིང་གིས་བསྟན་དོན། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འབྲུ་རིགས་ཕྱིར་གཏོང་གནད་དོན་དེ་ཆབ་སྲིད་ཅན་དུ་བསྒྱུར་མཚམས་འཇོག་དགོས་པ་དང་། འབྲུ་རིགས་མཁོ་འདོན་ལ་གོ་སྐབས་བསྐྲུན་དགོས་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་སོགས་ཀྱིས་ཨུ་རུ་སིར་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་དེ་ཐད་ཀར་དུ་འབྲུ་རིགས་ཕྱིར་གཏོང་ལ་དམིགས་པ་མིན་ཡང་། བརྒྱུད་པའི་སྒོ་ནས་ཨུ་རུ་སི་ཡིས་རྒྱལ་སྤྱིའི་ཚོང་རའི་ནང་ཞིང་ཞོར་ཐོན་རྫས་མཁོ་འདོན་བྱེད་པར་བཀག་རྒྱ་བཟོས་ཡོད་ཟེར། 

ཝེ་ཨར་ཞི་ཉིང་གིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཝུའུ་ཁི་ལན་གྱི་གྲུ་ཁ་བརྒྱུད་དེ་མཚོ་འགྲུལ་གྱི་ལམ་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་འབྲུ་རིགས་སྐྱེལ་འདྲེན་བྱེད་ཐུབ་པར་འདོད་ཡོད་ཀྱང་། འབྲེལ་ཡོད་གནད་དོན་གྱི་ཐག་གཅོད་དེ་ཨུ་རུ་སིར་རག་ལས་མེད་པར་ཝུའུ་ཁི་ལན་ལ་རག་ལས་ཡོད་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། འབྲུ་རིགས་སྐྱེལ་འདྲེན་བྱེད་པའི་གྲུ་གཟིངས་ལ་བརྟེན་ནས་ཝུའུ་ཁི་ལན་དུ་མཚོན་ཆ་སྐྱེལ་འདྲེན་བྱེད་པ་དེ་དང་ལེན་བྱེད་ཐབས་མེད་ཟེར། 

ཝེ་ཨར་ཞི་ཉིང་གིས་ད་རུང་བསྟན་དོན། ཨུ་རུ་སི་དང་ཐུར་ཁེ། ཝུའུ་ཁི་ལན་བཅས་ལས་གཞན། རྒྱལ་ཁབ་གཞན་པ་མཚོ་ནག་བརྒྱུད་དེ་ཝུའུ་ཁི་ལན་གྱི་འབྲུ་རིགས་ཕྱིར་གཏོང་བྱེད་པའི་དོན་ལ་ཞུགས་དགོས་དོན་མེད་ཟེར། གོང་གི་རྒྱལ་ཁབ་གསུམ་གྱིས་མཉམ་འབྲེལ་རྒྱལ་ཚོགས་བར་འབྲེལ་འདྲིས་བྱས་ཡོད་པ་དང་། མུ་མཐུད་དུ་མཐུན་སྦྱོར་བྱས་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།