ཀྲུང་གོ་བོད་ཀྱི་དྲ་བ།

ཏའེ་པིན་གྱིས་ཁོ་ལོམ་པི་ཡའི་སྲིད་གཞུང་གསར་པས་ཐོབ་སླ་མོ་མིན་པའི་ཞི་བདེའི་གྲུབ་འབྲས་སྲ་བརྟན་གཏོང་རྒྱུའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་གཞོན་པ་ཏའེ་པིན་གྱིས་ཚེས་བཅུ་བཞི་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོ་ལོམ་པི་ཡའི་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་དེ།    ཁོ་ལོམ་པི་ཡའི་སྲིད་གཞུང་གསར་པས་ཐོབ་སླ་མོ་མིན་པའི་ཞི་བདེའི་གྲུབ་འབྲས་སྲ་བརྟན་གཏོང་རྒྱུ་ནི་རེ་བ་ཡིན་ཟེར།

ཏའེ་པིན་གྱིས་བཤད་རྒྱུར།    ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡ་ཡིས་ཙུང་ཐུང་འདེམས་བསྐོ་བདེ་བླག་ངང་སྤེལ་བར་དགའ་བསུ་ཞུ་བ་དང་།   གསར་དུ་བདམས་པའི་ཙུང་ཐུང་ཕའེ་ཐི་ལའོ་ཡིས་ཞི་བདེ་མངོན་འགྱུར་བྱ་རྒྱུ་དེ་སྲིད་གཞུང་གསར་པའི་དམིགས་འབེན་གཙོ་བོར་བཞག་པར་བསྟོད་བསྔགས་བྱས་པ་ཡིན།   ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡའི་སྲིད་གཞུང་གསར་པས་ད་ཡོད་གྲུབ་འབྲས་ཀྱི་སྟེང་ཁོ་ལོ་པི་ཡའི་ཞི་བདེའི་འཕེལ་རིམ་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་།   ཞི་བདེའི་གྲོས་མཐུན་དོན་འཁྱོལ་བྱེད་པའི་གོ་རིམ་ཁྲོད་ཀྱི་དཀའ་གནད་དང་འགྲན་རྩོད་ཐག་བཅད་དེ་ཐོབ་སླ་མོ་མིན་པའི་ཞི་བདེའི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་ནི་རེ་བ་ཡིན་ཟེར།

ཏའེ་པིན་གྱིས་བསྟན་དོན།    ཁོ་ལོམ་པི་ཡའི་ཁྲིམས་འགལ་དྲག་ཆས་ཚོགས་ཁག་གི་ས་ཁུལ་ཁ་ཤས་ཀྱི་དྲག་ཤུགས་བྱ་འགུལ་གང་སར་ཁྱབ་པ་དེས་མི་སེར་གྱི་བདེ་འཇགས་ལ་གནོད་པ་ཚབས་ཆེན་ཐེབས་ཡོད་པ་དང་།   ཞི་བདེའི་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་པའི་འགལ་རྐྱེན་དུ་གྱུར་ཡོད།   ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡའི་སྲིད་གཞུང་གསར་པས་གྲོས་མོལ་ལ་བརྟེན་ནས་དྲག་ཆས་འགལ་རྩོད་རྩ་བ་ནས་མཇུག་སྒྲིལ་བར་བྱེད་པའི་ཐད་ཤུགས་འདོན་པར་མ་ཟད།   སྲིད་གཞུང་གིས་ནུས་ལྡན་ཚོད་འཛིན་བྱ་ཐུབ་མེད་པའི་སྔོན་གྱི་འགལ་རྩོད་ས་ཁུལ་དུ་བདེ་འཇགས་སྟོབས་ཤུགས་བཀོད་སྒྲིག་ལ་ཤུགས་བསྣན་ནས་མི་སེར་ལ་སྲུང་སྐྱོབ་བྱེད་པ་དང་ལྷག་པར་བུད་མེད་དང་བྱིས་པ་སོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཏེ་འགལ་རྩོད་ས་ཁུལ་གྱི་བདེ་འཇགས་གནས་བབ་ལེགས་བཅོས་བྱེད་པར་རེ་བཞིན་ཡོད་ཟེར།

ཏའེ་པིན་གྱིས་བཤད་རྒྱུར།  འཕེལ་རྒྱས་མངོན་འགྱུར་བྱེད་པ་ནི་དྲག་ཤུགས་དང་འགལ་རྩོད་ཀྱི་འབྱུང་རྩ་མེད་པར་གཏོང་བའི་རྩ་བའི་བྱེད་ཐབས་ཡིན།   ཞི་བདེའི་གྲོས་མཐུན་ཁྲོད་ཀྱི་ཞིང་སྡེ་བཅོས་སྒྱུར་སོགས་སྐོར་གྱི་ནང་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས་ན།  ཁོ་ལོམ་པི་ཡའི་སྲིད་གཞུང་གིས་མུ་མཐུད་དུ་མ་དངུལ་གཏོང་བ་དང་ས་ཞིང་དང་སྡོད་ཁང་བགོ་བཤའི་ལས་གཞིར་མྱུར་དུ་སྐུལ་འདེད་བཏང་སྟེ་ས་ཁུལ་སོ་སོར་འདྲ་མཉམ་འཕེལ་རྒྱས་མངོན་འགྱུར་བྱེད་པར་འགན་སྲུང་བྱ་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།