ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གྱི་འབྲུ་རིགས་ཕྱིར་གཏོང་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་ཐུར་ཁེ་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེ་དང་ཨུ་རུ་སི། ཝུའུ་ཁི་ལན་དང་མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱི་འཐུས་མིས་ཚེས་བཅུ་གསུམ་ཉིན་ཐུར་ཁེའི་གྲོང་ཁྱེར་ཆེས་ཆེན་པོ་དབྱི་སི་ཐན་པུའུ་ཨར་ནས་ཝུའུ་ཁི་ལན་གྱིས་མཚོ་ནག་གྲུ་ཁ་ནས་ཕྱི་ཕྱོགས་སུ་ཞིང་ལས་ཐོན་རྫས་འདྲེན་པའི་གནད་དོན་ཐད་ཕྱོགས་བཞིའི་གྲོས་མོལ་སྤེལ་ཏེ། མཐུན་སྦྱོར་ལྟེ་གནས་བཙུགས་ནས་འབྲུ་རིགས་སྐྱེལ་འདྲེན་གྱི་བདེ་འཇགས་ལ་ཁག་ཐེག་བྱ་རྒྱུར་འཐད་པ་བྱུང་།

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། གྲོས་མོལ་དེ་ས་དེའི་ཆུ་ཚོད་བཅུ་དྲུག་ཡས་མས་སུ་འགོ་བརྩམས་པ་དང་། གསང་བའི་ཚུལ་གྱིས་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ལ་གྲོས་མོལ་བྱས་ཟེར། ཐུར་ཁེའི་རྒྱལ་སྲུང་པུའུ་ཀྲང་ཨ་ཁ་ཨར་གྱིས་གྲོས་མོལ་གྱིས་རྗེས་སུ་སྤེལ་བའི་གསལ་བསྒྲགས་ནང་བཤད་རྒྱུར། ཕྱོགས་བཞིའི་གྲོས་མོལ་དེ་འབྲུ་རིགས་ཀྱི་ཉེན་ཚབས་ཐག་གཅོད་པར་དོན་སྙིང་གལ་ཆེན་ལྡན་པ་དང་། ཕྱོགས་སོ་སོས་མཚོ་ཐོག་ནས་འབྲུ་རིགས་ཇི་ལྟར་བདེ་འཇགས་ཀྱིས་སྐྱེལ་བའི་གནད་དོན་ལ་གྲོས་སྡུར་ཟབ་མོ་བྱས། ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉི་ག་གཟའ་འཁོར་རྗེས་མར་ཐུར་ཁེ་ནས་ཡང་བསྐྱར་གྲོས་མོལ་བྱ་རྒྱུར་འཐད་པ་བྱུང་བ་དང་། སྐབས་དེར་གནད་དོན་ཞིབ་ཅིང་ཕྲ་བར་གྲོས་སྡུར་བྱ་རྒྱུ་རེད་ཟེར།

ཨ་ཁ་ཨར་གྱིས་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་ནི་སྣང་ཚུལ་ལེགས་པོའི་ཁྲོད་དུ་སྤེལ་བ་དང་། ཕྱོགས་སོ་སོ་གཞི་རྩའི་ལག་རྩལ་གནད་དོན་ཐད་ལྟ་ཚུལ་གཅིག་མཐུན་བྱུང་ལ། དབྱི་སི་ཐན་པུའུ་ཨར་ནས་ཕྱོགས་སོ་སོའི་འཐུས་ཚབ་ཞུགས་པའི་མཐུན་སྦྱོར་ལྟེ་གནས་བཙུགས་ཏེ། གྲུ་ཁ་ནས་ཕར་ཚུར་འགྲོ་བའི་གྲུ་ལ་མཉམ་འབྲེལ་གྱིས་དོ་དམ་བྱས་ནས། འབྲུ་རིགས་སྐྱེལ་འདྲེན་གྱི་ལམ་ཐིག་བདེ་འཇགས་ལ་ཁག་ཐེག་བྱ་རྒྱུ་རེད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁོ་ནཱ་ཧྲིན་ཁོ་ཧྥུའུ་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱི་འཐུས་ཚབ་ཚོགས་པས་ཝུའུ་ཁི་ལན་གྱི་འབྲུ་རིགས་ཕྱིར་གཏོང་གནད་དོན་མྱུར་དུ་ཐག་གཅོད་པར་ཇུས་གཞི་བཏོན་ཡོད་ཟེར། ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ལེ་པ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་དང་ཨུ་རུ་སི་ཕྱོགས་བར་དུ་འབྲུ་རིགས་ཕྱིར་གཏོང་གི་གྲོས་ཆོད་འགོད་པར་ཐག་མི་རིང་ཟེར།

ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་སྟེང་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙིག་ལེན་སི་ཅི་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱི་འཐུས་ཚབ་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཝུའུ་ཁི་ལན་དང་ཨུ་རུ་སི་ཕྱོགས་གཉི་གའི་ཉིན་དེའི་གྲོས་མོལ་ལ་གྲུབ་འབྲས་ཁ་ཤས་ཐོབ་པ་དང་། རྗེས་ཕྱོགས་ཀྱི་ཉིན་འགའི་རིང་ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་གནད་དོན་ཞིབ་ཅིང་ཕྲ་བའི་ཐད་ནས་གྲོས་མཐུན་འགོད་པར་གྲོས་མོལ་བྱ་རྒྱུ་ཡིན་ཟེར།

ཝུའུ་ཁི་ལན་ལ་ཡོ་རོབ་ཀྱི་འབྲུ་མཛོད་ཅེས་པའི་མཚན་སྙན་འབྱོར་ཡོད་པ་དང་། མ་རྨོས་ལོ་ཏོག་དང་གྲོ་ཕྱིར་གཏོང་བྱེད་པའི་རྒྱལ་ཁབ་ཆེན་པོ་ཡིན། བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་འབྲུ་རིགས་ཏུན་བྱེ་བ་གཉིས་ལྷག་ཕྱིར་འདྲུད་མ་ཐུབ་པར་ཨོ་ཏི་སཱ་གྲུ་ཁ་རུ་ལུས་ཡོད་ལ། ཝུའུ་ཁི་ལན་གྱིས་ཨུ་རུ་སིས་གྲུ་ཁ་བཀག་སྡོམ་བྱས་ཏེ། ཝུའུ་ཁི་ལན་ཕྱོགས་ཀྱིས་འབྲུ་རིགས་ཕྱིར་གཏོང་བྱེད་པར་བཀག་འགོག་བྱས་པ་ལ་སྐྱོན་བརྗོད་བྱས་པ་དང་། ཨུ་རུ་སི་ཕྱོགས་ཀྱིས་ཝུའུ་ཁི་ལན་ཕྱོགས་ཀྱི་ཕྱིར་གཏོང་ལ་བཀག་འགོག་བྱས་པ་ཁས་མ་བླངས་པར་མ་ཟད། ཝུའུ་ཁི་ལན་གྱིས་མཚོ་ནག་གི་མཚོ་ཁོངས་སུ་ འགད་རྫས་མང་པོ་བཞག་སྟེ། མཚོ་འགྲུལ་གྱི་བདེ་འཇགས་ལ་གནོད་བསྐྱལ་ཡོད་ཅེས་སྐྱོན་བརྗོད་བྱས།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་འཚམས་འདྲིར་ཡོང་བའི་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁི་ལ་ཐུག་འཕྲད་བྱེད་སྐབས། ཨུ་རུ་སིས་ཝུའུ་ཁི་ལན་གྱིས་འབྲུ་རིགས་ཕྱིར་གཏོང་བྱེད་པར་བཀག་འགོག་བྱེད་མི་སྲིད་ལ། ཝུའུ་ཁི་ལན་གྱི་དམག་དཔུང་གིས་གྲུ་ཁ་ནས་འགད་རྫས་བླངས་ནས་འབྲུ་རིགས་སྐྱེལ་འདྲེན་གྱི་གྲུ་གཟིངས་གཏོང་བར་ཡང་སུས་ཀྱང་བཀག་འགོག་བྱེད་མི་སྲིད། ཨུ་རུ་སིས་འབྲུ་རིགས་སྐྱེལ་འདྲེན་བརྒྱུད་རིམ་གྱི་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།