ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་དབྱི་སི་རལ་དུ་ཐོན་ནས་དབུས་ཤར་དུ་འཚམས་འདྲི་ཐོག་མ་བྱེད་འགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  

དབྱི་སི་རལ་གྱི་ཙུང་ལི་ལཱ་ཕིས་ཏི་ཡིས་ཉིན་དེར་དགའ་བསུའི་མཛད་སྒོའི་སྟེང་བཤད་རྒྱུར། པའེ་ཏིན་གྱི་ཐེངས་འདིར་དབྱི་སི་རལ་ལ་འཚམས་འདྲི་བྱས་པ་ནི་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་རྒྱལ་ཁབ་བདེ་འཇགས་ཀྱི་གནད་དོན་ལ་གྲོས་སྡུར་བྱ་རྒྱུ་ཡིན་པ་དང་། དེའི་ནང་དུ་དབུས་ཤར་རྒྱལ་ཁབ་བར་དུ་བདེ་འཇགས་དང་དཔལ་འབྱོར་གྱི་སྒྲོམ་གཞི་གསར་པ་འཛུགས་པ་དང་། གོ་ལ་ཧྲིལ་པོའི་མཉམ་འབྲེལ་སྟོབས་ལྡན་ཞིག་ཡང་བསྐྱར་བཙུགས་ཏེ་དབྱི་ལང་གི་ཉིང་རྡུལ་འཆར་གཞི་ལ་བཀག་འགོག་བྱེད་པའི་དགོས་ངེས་རང་བཞིན་སོགས་འདུ་ཟེར།

པའེ་ཏིན་གྱིས་དགའ་བསུའི་མཛད་སྒོའི་སྟེང་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱི་སི་རལ་བར་གྱི་འབྲེལ་འདྲིས་སྲ་ཞིང་བརྟན། ཐེངས་འདིའི་འཚམས་འདྲིའི་ཁྲོད་དུ་ཁོས་ཧུར་ཐག་གིས་དབྱི་སི་རལ་གྱི་མི་དབུས་ཤར་ས་ཁུལ་དུ་མཉམ་འདྲེས་བྱེད་པར་ཡར་སྐུལ་བྱ་རྒྱུ་མ་ཟད། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་གྱི་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ཞེས་པར་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བསྐྱར་སྒྲོག་བྱ་རྒྱུ་ཡིན་ཟེར།

དབྱི་སི་རལ་དུ་མ་ཐོན་གོང་། པའེ་ཏིན་དང་ལཱ་ཕིས་ཏི་ཡིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། ཨ་མེ་རི་ཁ་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱིས་སྔོན་ཐོན་ལག་རྩལ་ཁྱབ་ཁོངས་སུ་གྲོགས་པོའི་འབྲེལ་བ་གསར་པ་འཛུགས་པ་དང་། འཐབ་ཇུས་རང་བཞིན་གྱི་མཐོ་རིམ་ལག་རྩལ་གྲོས་མོལ་གསར་པ་སྤེལ་ནས། གཙོ་བོ་ནམ་ཟླའི་འགྱུར་ལྡོག་དང་མིས་བཟོས་རིག་ནུས་སོགས་ཀྱི་ཁྱབ་ཁོངས་ལ་དོ་སྣང་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མཐོ་ཚད་གསར་པར་མཐོར་འདེགས་སུ་གཏོང་བར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བསྒྲགས།

ཚེས་བཅུ་གསུམ་ཉིན་པའེ་ཏིན་ད་དུང་ཡེ་ལུའུ་ས་ལུན་དུ་སོང་ནས་ཡ་ཏི་ཝ་ཞི་མུའུ་དམར་གསོད་ཆེན་པོའི་དྲན་གསོ་ཁང་ལ་ལྟ་སྐོར་བྱས། ཉིན་རིམ་བཀོད་སྒྲིག་ལྟར་ན། པའེ་ཏིན་གྱིས་ཚེས་བཅུ་བཞི་ཉིན་ལཱ་ཕིས་ཏི་དང་། དབྱི་སི་རལ་གྱི་ཙུང་ཐུང་ཧི་ཨར་ཙོ་ཀི་ལ་ཐུག་འཕྲད་བྱེད་རྒྱུ་མ་ཟད། རྒྱ་གར་དང་དབྱི་སི་རལ། ཨ་མེ་རི་ཁ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་རྒྱལ་ཁབ་བཞིའི་འགོ་ཁྲིད་པའི་དྲ་ལམ་གྲོས་ཚོགས་ལ་ཞུགས་རྒྱུ་རེད།

པའེ་ཏིན་གྱིས་ཐེངས་འདིར་དབུས་ཤར་ལ་འཚམས་འདྲི་བྱེད་ཡུན་ཉིན་བཞི་རེད། ཁོས་ཚེས་བཅོ་ལྔ་ཉིན་ཕ་ལེ་སི་ཐན་གྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་དུ་འཚམས་འདྲི་བྱས་ཏེ། ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་ལ་ཐུག་འཕྲད་བྱ་རྒྱུ་ཡིན་པ་དང་། དེའི་རྗེས་སུ་སོ་ཏི་ཨ་རབ་ལ་སོང་ནས། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་སཱ་ལེ་མན་ལ་ཐུག་འཕྲད་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།