ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གི་ཙུང་ཐུང་གིས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བཙན་དབང་བྱ་སྤྱོད་ནི་ཁོར་ཡུག་གནད་དོན་གྱི་འབྱུང་རྐྱེན་གཙོ་བོ་ཞིག་ཡིན་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་གི་ཙུང་ཐུང་ལའེ་ཞི་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ནུབ་ཕྱོགས་རྒྱལ་ཁབ་ཀྱི་བཙན་དབང་བྱ་སྤྱོད་ནི་ཁོར་ཡུག་གནད་དོན་གྱི་འབྱུང་རྐྱེན་གཙོ་བོ་ཞིག་ཡིན་པས། ཁོ་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྱབ་ཁོངས་སུ་འགན་གཞན་ལས་མང་པོ་ཁུར་དགོས་ཟེར།

དབྱི་ལང་གི་ཙུང་ཐུང་དྲ་ཚིགས་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཞི་ལའེ་ཡིས་ཚེས་བཅུ་གཉིས་ཉིན་རྒྱལ་ས་ཏི་ཧེ་ལན་ནས་ས་ཁུལ་ཁོར་ཡུག་གནད་དོན་གྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྟེང་བཤད་རྒྱུར། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་འདས་པའི་དུས་རབས་འགའི་རིང་ལ་གྲོན་ཆུང་ཅི་ཡང་མི་བྱེད་པར་རང་བྱུང་ཐོན་ཁུངས་བདག་ཏུ་བཟུང་བ་དང་། ལྷག་པར་དུ་རྒྱལ་ཁབ་གཞན་དག་མི་སེར་སྤེལ་ཡུལ་བྱས། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དཔལ་འབྱོར་གོང་དུ་སྤེལ་བ་དེས་འཛམ་གླིང་གི་ས་ཆ་སོ་སོ་རུ་བཙོག་རྫས་སྣ་ཚོགས་བཟོས་པས། མི་རྣམས་ཀྱིས་ཁོ་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྱབ་ཁོངས་སོ་འགན་གཞན་ལས་མང་པོ་ཁུར་རྒྱུའི་རེ་བ་བཅངས་ཡོད་པ་དང་། ཁོ་ཚོས་ཁོར་ཡུག་སྲུང་སྐྱོབ་བེད་སྤྱོད་དེ་མི་སེར་སྤེལ་ཡུལ་རིང་ལུགས་གསར་པ་འཛུགས་མི་འོས་ཟེར།

ལའེ་ཞི་ཡིས་བཤད་རྒྱུར། དེང་སྐབས་འཛམ་གླིང་ས་ཁམས་དང་ཆབ་སྲིད་ཀྱི་མཐའ་མཚམས་བརྒལ་བའི་ཁོར་ཡུག་གི་གནད་དོན་མང་པོར་འཕྲད་ཡོད་པས། ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ནི་ཧ་ཅང་གལ་ཆེ་ཞིང་དམིགས་བསལ་དུ་འཛིན་དགོས་པའི་གནད་དོན་ཞིག་ཡིན། ཨེ་ཤ་ཡ་ནུབ་མ་ས་ཁུལ་གནམ་གཤིས་འགྱུར་ལྡོག་ཆེ་བ་དང་བྱེ་རླུང་གཡུགས་པ། སྐྱེ་ཁམས་ཐོན་ཁུངས་བཙོག་པར་བཟོ་བ་སོགས་ཀྱི་ཁོར་ཡུག་གི་གནད་དོན་ལ་འཕྲད་ཡོད། སྐྱེ་དངོས་དང་འབྲུ་རིགས་བདེ་འཇགས་ཀྱི་ཚད་ཉམ་ཞན་དུ་གྱུར་པ་དང་བཙོག་བཟོ་བྱུང་བ། བསྐྱུར་འབྱུང་མེད་པའི་ཐོན་ཁུངས་གང་འདོད་དུ་སྔོག་འདོན་བྱས་པ། སྐྱེ་དངོས་སྣ་མང་ཅན་ཇེ་ཉུང་དུ་སོང་བ་བཅས་ཀྱིས་སྤྱི་པའི་ཁེ་ཕན་ལ་གནོད་བསྐྱལ་ཡོད་པར་མ་ཟད། དཔལ་འབྱོར་དང་སྡོད་དམངས་ཀྱི་བདེ་ཐང་ལ་ཡང་གནོད་པ་བཟོས་ཡོད་ཟེར།

ལའེ་ཞི་ཡིས་བསྟན་དོན། བྱེ་རླུང་མང་དུ་གཡུགས་པ་སོགས་ཁོར་ཡུག་གི་འགྲན་རྩོད་ལ་ཁ་གཏད་འཇལ་བ་ནི་རྒྱལ་ཁོངས་བརྒལ་བའི་གནད་དོན་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་དང་ས་ཁུལ་གྱི་རྒྱལ་ཁབ་དག་གི་དེར་ཆོད་སེམས་བཅངས་དགོས། ཁོར་ཡུག་གི་གནད་དོན་ཐག་གཅོད་པའི་རྐྱེན་སྲོལ་དེ་ས་ཁོངས་ཀྱི་མཉམ་ལས་དང་མཉམ་འདྲེས་ལ་རག་ལས་ཡོད། དབྱི་ལང་གིས་ས་ཁོངས་ཀྱིས་མཉམ་ལས་དང་མཉམ་འདྲེས་ལ་བརྟེན་ནས་འགྲན་རྩོད་སེལ་བ་དང་ཁོར་ཡུག་ལེགས་སྒྱུར་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་གཞི་ནི་ཁོར་ཡུག་མཉམ་ལས་ཀྱིས་མཛེས་སྡུག་གི་མ་འོངས་པ་བསྐྲུན་དགོས་ཞེས་པ་དེ་ཡིན་ལ། ཨེ་ཤ་ཡ་ནུབ་མ་ས་ཁུལ་གྱི་རྒྱལ་ཁབ་བཅུ་གཅིག་གི་ཁོར་ཡུག་པུའུ་ཀྲང་སོགས་མཐོ་རིམ་དཔོན་རིགས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།