ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སི་རི་ཡའི་རྒྱལ་ཁོངས་བརྒལ་བའི་མི་ཆོས་རོགས་སྐྱོབ་དབང་ཆ་གནང་ཡུན་ཇེ་རིང་དུ་གཏོང་བའི་གྲོས་ཆོད་ལ་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་གཉིས་ཉིན་གྲོས་ཆོད2642པར་གྲོས་འཆམ་བྱུང་ནས། སི་རི་ཡའི་རྒྱལ་ཁོངས་བརྒལ་བའི་མི་ཆོས་རོགས་སྐྱོབ་དབང་ཆ་གནང་ཡུན་ཟླ་དྲུག་གིས་ཇེ་རིང་དུ་བཏང་།

གྲོས་ཆོད་དེ་ལྟར་ན། ད་ལྟའི་པ་པུའུ་ཧེ་ཝ་ཞེས་པའི་ཁོངས་བརྒལ་ས་ཚིགས་ཀྱི་དབང་ཆ་གནང་ཡུན་ཟླ་དྲུག་གིས་ཇེ་རིང་དུ་བཏང་ནས་ཉིས་སྟོང་ཉེར་གསུམ་ལོའི་ཟླ་དང་པོའི་ཚེས་བཅུ་ཉིན་བར་བསྲིངས་ཡོད། དེའི་རྗེས་སུ་དབང་ཆ་གནང་ཡུན་ཡང་བསྐྱར་དུས་ཡུན་ཟླ་དྲུག་གིས་ཇེ་རིང་བཏང་ཆོག་མོད། ཡིན་ནའང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཡང་བསྐྱར་གྲོས་ཆོད་ལ་གྲོས་འཆམ་འབྱུང་དགོས།

གྲོས་ཆོད2642པར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་རྒྱལ་ཁབ་བཅུ་གཉིས་ཀྱི་རྒྱབ་སྐྱོར་ཐོབ། ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི་བཅས་ཀྱིས་འདེམ་ཤོག་མ་འཕངས། གྲོས་ཆོད་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དྲུང་ཡིག་ཆེན་མོས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་གྱི་སྔོན་ལ་སི་རི་ཡའི་མི་ཆོས་དགོས་མཁོའི་སྐོར་གྱི་དམིགས་བསལ་སྙན་ཞུ་ཞིག་སྤྲོད་རྒྱུའི་འབོད་སྐུལ་བཏང་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ལག་བསྟར་བྱས་པའི་གནས་ཚུལ་ཟླ་རེར་བདེ་འཇགས་ལས་འཛིན་ལྷན་ཚོས་ལ་ཁྱབ་སྒྲོག་བྱ་རྒྱུ་མ་ཟད། ཉུང་མཐར་ཡང་ཉིན་དྲུག་ཅུ་རེའི་ནང་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ཡིག་ཐོག་གི་སྙན་ཞུ་འབུལ་རྒྱུའི་འབོད་སྐུལ་བཏང་ཡོད།

ན་ནིང་གི་གྲོས་ཆོད2885པས་གཏན་ལ་ཕབ་པའི་དབུང་ཆ་གནང་ཡུན་ནི་ཟླ་བདུན་པའི་ཚེས་བཅུ་ཉིན་བར་ཡིན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཟླ་བདུན་པའི་ཚེས་བརྒྱད་ཉིན་དབང་ཆ་གནང་ཡུན་ཇེ་རིང་དུ་གཏོང་བའི་གྲོས་ཆོད་ལ་གྲོས་འཆམ་འབྱུང་མ་ཐུབ། ཉིན་དེར་ཨུ་རུ་སི་ཨེར་ལན་དང་ནོར་ཝེ་ཡིས་བྲིས་པའི་དབང་ཆ་གནང་ཡུན་ཟླ་བཅུ་གཉིས་ཀྱིས་ཇེ་རིང་དུ་གཏོང་བའི་གྲོས་ཆོད་འཆར་ཟིན་ལ་འཐད་པ་མ་བྱུང་བ་དང་། ཨུ་རུ་སིས་བཏོན་པའི་དབང་ཆ་གནང་ཡུན་ཟླ་དྲུག་གིས་ཇེ་རིང་དུ་གཏོང་བའི་གྲོས་ཆོད་འཆར་ཟིན་ལ་ཡང་འདེམ་ཤོག་གི་གྲངས་ཀ་མ་ལོངས།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཉིས་སྟོང་བཅུ་བཞི་ལོར་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ནས། མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་ཁུངས་དང་དེའི་ལག་བསྟར་གྲོགས་པོས་རྒྱལ་མཚམས་དང་དམག་འཁྲུག་གི་ས་མཚམས་བརྒལ་ནས། སི་རི་ཡའི་མི་དམངས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་བྱེད་པར་དབང་ཆ་གནང་། དེའི་རྗེས་སུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབང་ཆ་གནང་ཡུན་དེ་ཐེངས་མང་པོར་ཇེ་རིང་ལ་བཏང་མྱོང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།