ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམག་དཔུང་གིས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེའི་ཡན་ལག་རྩ་འཛུགས་ཀྱི་འགོ་བ་བསད་པ་ཡིན་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་སི་རི་ཡའི་ནུབ་བྱང་ཕྱོགས་ནས་མི་མེད་གནམ་གྲུས་འཇབ་རྒོལ་བྱས་ཏེ། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་སི་རི་ཡའི་ཡན་ལག་རྩ་འཛུགས་ཀྱི་འགོ་བ་བསད་པ་ཡིན་ཟེར།

ཀྲུང་དབྱང་དམག་སྤྱི་པུའུ་ཡིས་གསལ་བསྒྲགས་ཤིག་གི་ནང་དུ་བཤད་རྒྱུར། དམག་སྤྱི་པུའུ་ཡི་ཁོངས་སུ་གཏོགས་པའི་དམག་དཔུང་གིས་ཚེས་བཅུ་གཉིས་ཉིན་སི་རི་ཡའི་ནུབ་བྱང་ཕྱོགས་ཀྱི་གྲོང་རྡལ་ཀྲན་ཏི་ལེ་སི་ནས་མི་མེད་གནམ་གྲུས་འཇབ་རྒོལ་བྱས་ཏེ། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཆེས་མཐོའི་འགོ་ཁྲིད་པ་ལྔའི་ནང་གི་གཅིག་སྟེ་རྩ་འཛུགས་དེའི་སི་རི་ཡའི་ཡན་ལག་རྩ་འཛུགས་ཀྱི་འགོ་བ་མཱ་ཞིར་ཨར་ཨ་ཅར་ཞེས་པ་དེ་བསད་པ་ཡིན། ཨར་ཨ་ཅར་ལ་གློ་ཉེ་བའི་མི་ཞིག་ལ་འཇབ་རྒོལ་ཁྲོད་ནས་རྨས་ལྗིད་མོ་ཕོག ཐོག་མར་དཔྱད་འཇོག་བྱས་པ་ལྟར་ན། འཇབ་རྒོལ་ཁྲོད་དུ་མི་སེར་ཤི་རྨས་བཟོས་མེད་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་མཐོ་རིམ་འགོ་བ་ཡིན་པའི་ཆ་ནས། ཨར་ཨ་ཅར་གྱིས་ད་དུང་རྩ་འཛུགས་དེའི་སི་རི་ཡ་དང་དབྱི་རག་མ་ཡིན་པའི་ས་གནས་གཞན་པའི་དྲག་ཆས་རྩ་འཛུགས་རྒྱ་བསྐྱེད་པའི་འགན་ཡང་ཁུར་ཡོད་ཟེར།

ད་ལོར་ཨ་མེ་རི་ཁའི་དམག་དཔུང་དང་ཨ་མེ་རི་ཁས་གཙོ་ཁྲིད་བྱས་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་དཔུང་གིས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འགོ་བར་དམིགས་པའི་དམག་དོན་རྒོལ་རྡུང་འགུལ་སྐྱོད་རབ་དང་རིམ་པ་སྤེལ། ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་གྱིས་ཟླ་གསུམ་པའི་ཚེས་གསུམ་ཉིན་བཤད་པ་ལྟར་ན། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཆེས་མཐོའི་འགོ་བ་ཁུའུ་ལའེ་ཞི་ཟེར་བ་དེས་ཨ་མེ་རི་ཁའི་དམག་དཔུང་གིས་ཟླ་གསུམ་པའི་ཚེས་གཉིས་ཉིན་གྱི་དགོང་མོར་སི་རི་ཡའི་ནུབ་བྱང་ཕྱོགས་ནས་སྤེལ་བའི་འཇབ་རྒོལ་འགུལ་སྐྱོད་ཁྲོད་དུ་རང་སྲོག་བཅད་ཟེར། རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་དཔུང་གིས་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་བསྒྲགས་པ་ལྟར་ན། ཉིན་དེར་སི་རི་ཡའི་བྱང་ཕྱོགས་ཀྱི་དམག་དོན་འགུལ་སྐྱོད་ཅིག་གི་ཁྲོད་དུ་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་སི་རི་ཡའི་ཡན་ལག་རྩ་འཛུགས་ཀྱི་འགོ་བ་ཞིག་འཛིན་བཟུང་བྱས་པ་དང་། མི་དེར་འགད་རྫས་བཟོ་བར་ཧ་ཅང་མཁས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།