ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུ་དང་ཐུར་ཁེའི་འགོ་ཁྲིད་པས་ཕྱོགས་གཉིས་ཀའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་དེ་བཞིན་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་གྲོས་སྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་ལ་ཁ་པར་བཏང་ནས། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་ཝུའུ་ཁི་ལན་གྱི་གནས་བབ་ཀྱི་ཐད་ནས་གྲོས་སྡུར་བྱས།

ཁི་ལིས་མུའུ་ལིན་ཕོ་བྲང་དྲ་ཚིགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སུ་དང་ཐུར་ཁེ་གཉིས་ཀྱིས་མི་འགྱངས་པར་མཐོ་རིམ་ཐུག་འཕྲད་བྱ་རྒྱུའི་འཆར་གཞི་བཟོས་ཡོད། ཚེས་བཅུ་གཅིག་ཉིན། རྒྱལ་ཁབ་གཉིས་ཀའི་འགོ་ཁྲིད་ཀྱིས་ཁ་པར་གྱི་ལམ་ནས། ཐུན་མོང་གིས་དོ་ཁུར་བྱེད་སའི་གྲོས་གཞི་རབ་དང་རིམ་པར་གྲོས་སྡུར་བྱས་པ་དང་། ཕྱོགས་གཉིས་ཀའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྔར་ལས་ཤུགས་སྣོན་རྒྱག་རྒྱུ་གཙོ་གནད་དུ་བཟུང་ནས་གྲོས་སྡུར་བྱས་ཤིང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཁྲོད་དུ་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་བཅའ་ཁྲིམས་རྨང་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་གཉིས་ཀའི་ཉོ་ཚོང་ཁྱབ་རྒྱ་ཆེ་རུ་གཏོང་བ། རང་རྒྱལ་ཁབ་ཀྱི་དངུལ་ལོར་སྤྱད་ནས་བསྡོམས་རྩིས་རྒྱག་པ། དེ་བཞིན་ཨུ་རུ་སུའི་ནུས་ཁུངས་མུ་མཐུད་མཁོ་སྤྲོད་བྱེད་པ་སོགས་ཀྱི་བྱ་ཐབས་ཚུད་ཡོད།

སྤེལ་བའི་གནས་ཚུལ་ལྟར་ན། ཕྱོགས་གཉིས་ཀས་ད་དུང་མུ་མཐུད་དུ་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས་པའི་ཁྲོད་དུ། མཐུན་སྦྱོར་ལ་ཤུགས་བསྣན་ནས། མཚོ་ནག་གི་མཚོ་འགྲུལ་བདེ་འཇགས་དང་འབྲུ་རིགས་ཕྱིར་གཏོང་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཚུད་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།