ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡའི་རྒྱལ་སའི་བཙོན་ཁང་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་ལས་རྐྱེན་ལམ་དུ་ཤོར་བའི་མི་ལྔ་ལ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡའི་བཙོན་ཁང་དོ་དམ་སྡེ་ཁག་གིས་ཚེས་དྲུག་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡའི་རྒྱལ་ས་ཨ་པུའུ་ཅ་ཡི་བཙོན་ཁང་ཞིག་ལ་ཚེས་ལྔ་ཉིན་གྱི་དགོང་མོར་ཁྲིམས་འགལ་དྲག་ཆས་རྩ་འཛུགས་ཀྱིས་འཇབ་རྒོལ་ཐེབས་པ་དང་། བཙོན་མ་མང་པོ་ཕྱིར་བྲོས་པར་མ་ཟད། བཙོན་སྲུང་བ་གཅིག་དང་བཅས་པའི་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་དགུ་ལ་རྨས་ཕོག་ཟེར།

ནེ་ཀྲི་རི་ཡའི་བཙོན་ཁང་དོ་དམ་སྡེ་ཁག་གི་མགྲིན་ཚབ་པ་ཨོ་མཱར་གྱིས་ཚེས་དྲུག་ཉིན་གྱི་ཕྱི་དྲོར་ཨ་པུའུ་ཅ་ནས་གསལ་བསྒྲགས་སྤེལ་ཏེ་བཤད་རྒྱུར། དྲག་ཆས་མི་སྣས་ཚེས་ལྔ་ཉིན་གྱི་དགོང་མོར་འགས་རྫས་བཀོལ་ཏེ་ཨ་པུའུ་ཅ་ཡི་ལྷོ་ནུབ་ཕྱོགས་ཀྱི་བཙོན་ཁང་ཞིག་གི་སྒོ་ཆེན་འགས་གཏོར་བཏང་བར་མ་ཟད། བཙོན་ཁང་གི་བཙོན་སྲུང་བའི་བར་དུ་འཐབ་འཁྲུག་བྱུང་། བཙོན་སྲུང་བ་གཅིག་འཐབ་འཁྲུག་ཁྲོད་ནས་རྐྱེན་ལམ་དུ་ཤོར་བ་དང་། བཙོན་སྲུང་བ་གཞན་པ་གསུམ་ལ་རྨས་ཕོག  དེས་མི་ཚད་དོན་རྐྱེན་དེའི་ཁྲོད་ནས་བཙོན་མ་བཞི་རྐྱེན་ལམ་དུ་ཤོར་བ་དང་། བཙོན་མ་བཅུ་དྲུག་ལ་རྨས་ཕོག་ཟེར།  ཨོ་མཱར་གྱིས་བཤད་རྒྱུར། དོན་རྐྱེན་འབྱུང་སྐབས་བཙོན་ཁང་དེ་རུ་བཙོན་མ་དགུ་བརྒྱ་དང་གོ་བཞི་བཙོན་འཇུག་བྱས་ཡོད་ལ། འཇབ་རྒོལ་ཁྲོད་དུ་བཙོན་མ་བརྒྱད་བརྒྱ་ལྷག་ཕྱིར་བྲོས། ནེ་ཀྲི་རི་ཡའི་བདེ་སྲུང་སྡེ་ཁག་གིས་དྲག་ཆས་མི་སྣ་ཕྱིར་བདའ་བར་མ་ཟད་ཕྱིར་བྲོས་པའི་བཙོན་མ་བཞི་བརྒྱ་ལྷག་ཡང་བསྐྱར་བཟུང་བ་དང་། བྲོས་བྱོལ་བྱེད་བཞིན་པའི་བཙོན་མ་བཞི་བརྒྱ་དང་ཞེ་གསུམ་མུ་མཐུད་དུ་འཛིན་བཞིན་པའི་སྒང་ཡིན་ཟེར།

ཉིན་དེའི་ཅུང་སྔ་བའི་དུས་སུ། ནེ་ཀྲི་རི་ཡའི་ནང་སྲིད་པུའུ་ཡི་རྒྱུན་ལས་དྲུང་ཡིག་པེར་ཀིར་གྱིས་འཇབ་རྒོལ་དོན་རྐྱེན་དེའི་ཁྲོད་ནས་བཙོན་མ་གཅིག་རྐྱེན་ལམ་དུ་ཤོར་བ་དང་བཙོན་མ་གསུམ་ལ་རྨས་ཕོག་ཡོད་ཅེས་བཤད་མྱོང་།

ནེ་ཀྲི་རི་ཡའི་རྒྱལ་སྲུང་དཔོན་པོ་མཱ་ཅ་ཞི་ཡིས་ཉིན་དེར་དོན་རྐྱེན་བྱུང་ས་ནས་གསར་འགྱུར་ལས་ཁུངས་ལ་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ནི་ཐལ་སྤྱོད་རྩ་འཛུགས་པོ་ཁི་གནས་མཆོག་ཅེས་པ་དེས་བཟོས་པ་ཡིན་སྲིད་ལ། དོན་རྐྱེན་བྱུང་རྗེས་བཙོན་ཁང་དེ་རུ་བཙོན་འཇུག་བྱས་པའི་པོ་ཀི་གནས་མཆོག་ཅེས་པའི་རྩ་འཛུགས་དེའི་དྲག་ཆས་མི་སྣ་རེ་བཞི་བོ་གར་སོང་མི་ཤེས་ཟེར།

ཉེ་བའི་ཟླ་འགའི་རིང་ལ། ནེ་ཀྲི་རི་ཡའི་ས་ཆ་མང་པོ་རུ་བསྟུད་མར་དྲག་ཆས་འཇབ་རྒོལ་དོན་རྐྱེན་བྱུང་ནས། མི་མང་པོ་ཤི་རྨས་བཟོས། དྲག་ཆས་མི་སྣས་འཇབ་རྒོལ་གྱི་དམིགས་འབེན་ལ་མི་སེར་དང་བདེ་སྲུང་དམག་དཔུང་མ་ཟད། ཉེན་རྟོག་ཁང་དང་བཙོན་ཁང་སོགས་སྲིད་གཞུང་གི་སྒྲིག་ཆས་ཀྱང་འདུ། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།