ཀྲུང་གོ་བོད་ཀྱི་དྲ་བ།

སི་ཕེན་གྱིས་ཞི་བདེ་སྐུལ་སྤེལ་ཚོགས་ཆེན་བསྡུས་ནས་བྱང་ཆིངས་རྩ་འཛུགས་རྒྱ་སྐྱེད་པར་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དུས་ཡུན་ཉིན་གཉིས་ཡིན་པའི་ཞི་བདེ་སྐུལ་སྤེལ་ཚོགས་ཆེན་ཚེས་ཉེར་ལྔ་ཉིན་སི་ཕེན་མ་ཏེ་རི་ནས་གྲོལ་བ་མ་ཟད་ཁ་བྱང་ལ་ཁྱོན་ཡོངས་ཀྱི་ཞི་བདེ་མངོན་འགྱུར་བྱེད་ཅེས་པའི་སྒྲོག་གཏམ་སྤེལ་ནས། ཞི་བདེ་ཡི་རྣམ་པ་སྤྱད་དེ་འཁྲུག་རྩོད་ཐག་གཅོད་པ་དང་། དམག་ཤུགས་འགྲན་རྩོད་དང་བྱང་ཆིངས་ཀྱི་འཛམ་གླིང་ཡོངས་ཀྱི་ཐེ་གཏོགས་ཁྱབ་ཁོངས་རྒྱ་སྐྱེད་པར་ངོ་རྒོལ་བྱེད་རྒྱུའི་འབོད་སྐུལ་བཏང་།

ཐེངས་འདིའི་ཞི་བདེ་ཚོགས་ཆེན་དེ་སི་པེན་རྒྱལ་ཁབ་ཞི་བདེ་གླེང་སྟེགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། འཛམ་གླིང་ནས་ཡོང་བའི་རྒྱལ་སྤྱིའི་རྩ་འཛུགས་མང་པོ་དང་སྲིད་ཏང་འཐུས་མི་ཚོགས་འདུར་ཞུགས།

སྒྲོག་གཏམ་ལས་བཤད་རྒྱུར། ཨ་མེ་རུ་ཁ་དང་འཇར་པན། ཨོ་སི་ཁྲུ་ལི་ཡ། རྒྱ་གར་བཅས་རྒྱལ་ཁབ་བཞི་ཞུགས་པའི་ཕྱོགས་བཞིའི་བདེ་འཇགས་གྲོས་མོལ་རྐྱེན་སྲོལ་དང་ཨ་མེ་རུ་ཁ་དང་དབྱིན་ཇི། ཨོ་སི་ཁྲུ་ལི་ཡ་བཅས་ཀྱི་ཕྱོགས་གསུམ་བདེ་འཇགས་གྲོགས་པོའི་འབྲེལ་བའི་ཆོད་དོན་གྱིས། བྱང་ཆིངས་རྩ་འཛུགས་ཀྱིས་སྟོབས་ཤུགས་ཁྱབ་ཁོངས་བྱེད་གླིང་ལྷོ་མ་དང་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ས་ཁུལ་དུ་རྒྱ་སྐྱེད་འདོད་ཡོད་པ་མཚོན། བྱང་ཆིངས་རྩ་འཛུགས་ནི་འཛམ་གླིང་ཡོངས་ཀྱི་དམག་ཤུགས་འགྲན་བསྡུར་ལ་སྐུལ་འདེད་གཏོང་མཁན་ཆེས་ཆེན་པོའི་གྲས་ཀྱི་གཅིག་ཡིན།

རྒྱལ་ཁབ་ཞི་བདེ་གླེང་སྟེགས་ཀྱི་འཐུས་ཚབ་མི་སྣ་ཝེ་ལིས.མེ་ཡེར་གྱིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་འཐབ་ཇུས་བསམ་བློ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཆ་ལས་བརྒལ་ནས། ནན་སི་ལ་ཧྥུའུ་དང་ཨ་ཧྥུའུ་ཧན། དབྱི་རག་དང་ལི་པི་ཡ་ལ་ཐེ་གཏོགས་བྱས་པ་བཞིན་འཛམ་གླིང་གི་ས་ཆ་གང་རུང་དུ་ཁྱོན་ཡོངས་ཀྱི་ཐེ་གཏོགས་བྱེད་རྒྱུ་དེ་རེད།

སི་ཕེན་གུང་ཁྲན་ཏང་གི་ཀྲུའུ་ཞི་ཧི་སའེ.ལུའུ་དབྱི་སི.སིན་ཐི་ལི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཡོ་རོབ་གླིང་དུ་ད་དུང་ཞི་བདེ་ལ་དགའ་བ་དང་འཐབ་འཁྲུག་དང་བྱང་ཆིངས་རྩ་འཛུགས་ལ་ངོ་རྒོལ་བྱེད་པའི་མི་མང་པོ་ཡོད་པ་དང་། ང་ཚོས་དམག་ཤུགས་འགྲན་བསྡུར་དང་དམག་དོན་ཐད་ཀྱི་འགྲོ་གྲོན་ཇེ་མང་དུ་གཏོང་བར་ངོ་རྒོལ་བྱེད་ཀྱིན་ཡོད་ལ། ང་ཚོས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཐུན་མོང་ཚོགས་པ་འཛུགས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཐེངས་འདིའི་ཚོགས་ཆེན་གྱི་དམིགས་འབེན་ནི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་རྨང་གཞིའི་སྟེང་། གྲོས་མོལ་དང་མཉམ་ལས་རྨང་གཞི་རུ་བྱས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཤིག་སླར་གསོ་བྱེད་རྒྱུ་དེ་ཡིན། དེར་བརྟེན། དམག་དོན་རྟེན་གཞི་ཡོད་ཚད་ངེས་པར་དུ་མེད་པར་གཏོང་བ་མ་ཟད། བྱང་ཆིངས་རྩ་འཛུགས་ཁ་གཏོར་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།