ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་ཝུའུ་ཁི་ལན་གྱི་འབྲུ་རིགས་ཕྱིར་གཏོང་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ལ་ཁ་པར་བཏང་སྟེ། ཝུའུ་ཁི་ལན་གྱི་འབྲུ་རིགས་མཚོ་ཐོག་ནས་སྐྱེལ་འདྲེན་ཕྱིར་གཏོང་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས། 

ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ཐུར་ཁེ་ཡིས་ཝུའུ་ཁི་ལན་གྱི་ཞིང་ཞོར་ཐོན་རྫས་མཚོ་ཐོག་བརྒྱུད་དེ་སྐྱེལ་འདྲེན་ཕྱིར་གཏོང་བྱེད་པའི་བདེ་འཇགས་རྒྱུ་ལམ་འཛུགས་པའི་ལས་གཞིར་མཐོང་ཆེན་བྱེད་བཞིན་ཡོད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ད་རུང་བསྟན་དོན། ཐུར་ཁེ་ཡིས་ནུས་ཤུགས་གང་ཡོད་ཀྱིས་ཝུའུ་ཁི་ལན་དང་ཨུ་རུ་སིའི་གྲོས་མོལ་མུ་མཐུད་དུ་སྤེལ་བར་སྐུལ་འདེད་བཏང་སྟེ། ཝུའུ་ཁི་ལན་དང་ཨུ་རུ་སི་ཕྱོགས་གཉིས་ལ་བར་འདུམ་དང་བཅས་པའི་རྒྱབ་སྐྱོར་སྔར་ལས་མང་བོ་འདོན་སྤྲོད་བྱེད་འདོད་ཡོད་ཟེར། ཁོས་ད་རུང་ཨུ་རུ་སི་དང་ཝུའུ་ཁི་ལན། མཉམ་འབྲེལ་རྒྱལ་ཚོགས་བཅས་ཕྱོགས་གསུམ་གྱིས་མཉམ་དུ་ཝུའུ་ཁི་ལན་གྱི་གནས་བབ་ཀྱི་ཚོད་འཛིན་ལྟེ་གནས་ཤིག་འཛུགས་པ་དང་། སྤྱི་ཁྱབ་པུའུ་ཐུར་ཁེའི་དབྱི་སི་ཐན་པོར་དུ་འཛུགས་དགོས་པའི་གྲོས་གཞི་བཏོན། ཐུར་ཁེ་ཕྱོགས་ཀྱིས་རྩ་དོན་སྟེང་ནས་ལྟ་རྟོག་རྐྱེན་སྲོལ་དེར་ཞུགས་པར་རྣམ་འགྱུར་བཟང་བོ་བསྟན་ཡོད་ལ། ལྟ་ཞིབ་པའི་ཚུལ་དུ་དེའི་ནང་ཞུགས་འདོད་ཡོད་ཟེར། 

ཙེ་ལེན་སི་ཅི་ཡིས་ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་བཤད་རྒྱུར། ཉིན་དེར་ཁོ་དང་ཨེ་ཨར་ཏའོ་ཨན་གྱིས་ཁ་པར་བརྒྱུད་དེ། ཕྱོགས་གཉིས་ཀྱི་འབྲུ་རིགས་བདེ་འཇགས་དང་ཝུའུ་ཁི་ལན་གྱི་གྲུ་ཁའི་བཀག་སྡོམ་མེད་པར་གཏོང་བ། བདེ་འཇགས་མཉམ་ལས་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་ནས་ཞི་བདེ་སླར་གསོ་བྱེད་པར་གཅིག་གྱུར་ཡིད་འཐད་བྱུང་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།