ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་མཐོ་རིམ་གྲོས་ཚོགས་བསྡུས་ཏེ་ཨུ་རུ་སིའི་རྡོ་སྣུམ་གཏན་འགོག་བཀའ་རྒྱར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱིས་དམིགས་བསལ་གྱི་མཐོ་རིམ་གྲོས་ཚོགས་ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་ཚོགས་མགོ་བརྩམས་པ་དང་། ཚོགས་ཡུན་ཉིན་གཉིས་ཡིན་པའི་གྲོས་ཚོགས་སྟེང་། ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཨུ་རུ་སི་ནས་རྡོ་སྣུམ་སོགས་ནང་འདྲེན་བྱེད་པར་གཏན་འགོག་བྱེད་པའི་ཐད་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དང་འབྲེལ་བའི་གྲོས་གཞིའི་ཐད་ནས་གྲོས་མོལ་བྱས། ཚོགས་ཞུགས་ཕྱོགས་ཁག་གིས་བསྟན་དོན། ཨུ་རུ་སིའི་རྡོ་སྣུམ་གཏན་འགོག་བཀའ་རྒྱར་གྲོས་མཐུན་འབྱུང་བར་དཀའ་ཁག་མང་བོ་ཡོད་ཟེར། 

ཟླ་འདིའི་ཟླ་མགོར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་སྐོར་ཐེངས་དྲུག་པའི་ཨུ་རུ་སིའི་བཀག་སྡོམ་བྱེད་ཐབས་ཀྱི་གྲོས་གཞི་སྤྲད་པ་དང་། དེའི་ནང་ད་ལོའི་ལོ་མཇུག་གི་སྔོན་ལ་ཨུ་རུ་སི་ནས་རྡོ་སྣུམ་ནང་འདྲེན་བྱེད་པ་ཕྱོགས་ཡོངས་ནས་གཏན་འགོག་བྱེད་པ་ཡང་འདུས་ཡོད། ཚེས་བཅུ་དྲུག་ཉིན་སྤེལ་བའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་སྟེང་། ཧང་ག་རི་ཡིས་ངོ་རྒོལ་བྱས་པའི་དབང་གིས་གྲོས་གཞི་དེར་གྲོས་འཆམ་བྱུང་མེད། 

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་ཚོགས་རར་འབྱོར་སྐབས་གསར་འགྱུར་སྨྱན་བྱད་ལ་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཧྥ་རན་སི་ཡིས་ཉིན་འགའི་རིང་ལ་ཁོངས་གཏོགས་རྒྱལ་ཁབ་དག་གིས་བཀག་སྡོམ་གྲོས་གཞིར་གྲོས་འཆམ་འབྱུང་བར་སྐུལ་འདེད་གཏོང་བཞིན་ཡོད་ཀྱང་ད་རུང་གྲོས་མཐུན་བྱུང་མེད་ཟེར། ཧྥུན་ཏི་ལའེ་ཨིན་གྱིས་དེའི་རྗེས་ཀྱི་དུས་ཚོད་ཞེ་བརྒྱད་ནང་གནད་དོན་དེ་ཐག་གཅོད་པར་རེ་བ་ཆེན་པོ་མེད་ཟེར། 

ཧང་ག་རིའི་ཙུང་ལི་ཨིག་ཨར་པན་ཚོགས་རར་འབྱོར་སྐབས་བཤད་རྒྱུར། མིག་སྔའི་བར་ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་དུ་དོན་དེར་གྲོས་མཐུན་བྱུང་མེད་ཟེར། ཁོས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་སྔ་མོ་ནས་ཁོངས་གཏོགས་རྒྱལ་ཁབ་དག་གིས་གྲོས་མོལ་གང་ལེགས་མ་བྱས་པའི་གནས་ཚུལ་འོག་རྡོ་སྣུམ་བཀག་འགོག་གི་གྲོས་གཞི་བཏོན་པར་རྒོལ་གཏམ་བཏང་བ་དང་། ཧང་ག་རིའི་རྡོ་སྣུམ་མཁོ་འདོན་བདེ་འཇགས་སྐོར་གྱི་གནད་དོན་ལ་ལན་མ་བཏབ་པས་ད་ལྟའི་དཀའ་ཁག་གི་རྣམ་པ་འདི་འདྲ་བྱུང་བ་རེད་ཟེར། 

ཧང་ག་རི་ཨུ་རུ་སིའི་ནུས་ཁུངས་ལ་བརྟེན་བཞིན་ཡོད་པ་དང་། བརྒྱ་ཆའི་དྲུག་ཅུའི་ཡན་གྱི་རྡོ་སྣུམ་དང་བརྒྱ་ཆའི་གྱ་ལྔའི་ཡན་གྱི་རང་བྱུང་སོལ་རླངས་ཨུ་རུ་སི་ནས་ནང་འདྲེན་བྱེད་བཞིན་ཡོད་པ་རེད། 

གྲོས་རིམ་ལྟར་ན། དམིགས་བསལ་མཐོ་རིམ་གྲོས་ཚོགས་སྐབས་སུ། ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པས་ད་རུང་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པ་དང་མ་འོངས་པའི་འཐབ་འཁྲུག་རྗེས་ཀྱི་བསྐྱར་འཛུགས། ཡོ་རོབ་གླིང་མནའ་འབྲེལ་གྱི་བདེ་འཇགས་དང་འགོག་སྲུང་། ཨུ་རུ་སིའི་ནུས་ཁུངས་ལ་བརྟེན་པའི་སྣང་ཚུལ་རིམ་གྱིས་བསྒྱུར་བ། འབྲུ་རིགས་ཀྱི་བདེ་འཇགས་སོགས་གནད་དོན་ཐད་ནས་གྲོས་མོལ་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།