ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ནཱ་མཱ་དང་ཀྲུང་གོའི་ཤེས་ལྡན་པས་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་དོན་ལ་མཉམ་དུ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ནཱ་མཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཀྲུང་གོའི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གིས་མཉམ་དུ་སྤེལ་བའི་ཀྲུང་གོ་དང་ཕཱ་ནཱ་མཱའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་དཔྱད་གླེང་ཚོགས་འདུ་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་སྤེལ། ཕཱ་ནཱ་མཱའི་རིག་མཛོད་ཆེད་མཁས་པ་དང་ཤེས་ལྡན་པ་བཅུ་ཕྲག་འགའ་ཕཱ་ནཱ་མཱ་མཁར་གྱི་ལཱ་ཏེན་མེ་གླིང་གྲོས་ཁང་གི་ཐོག་ཁང་ཆེན་མོར་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དུ་འཛོམས་ཏེ། བརྙན་རིས་སྦྲེལ་མཐུད་ཀྱི་རྣམ་པས་པེ་ཅིང་ཚོགས་རའི་ཀྲུང་གོའི་ཆེད་མཁས་པ་དང་ཤེས་ལྡན་པའི་བར་བརྗེ་རེས་དང་གྲོས་བསྡུར་བྱས། 

ཕཱ་ནཱ་མཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝེ་ཆང་གིས་ཞུ་ཚིག་འབུལ་སྐབས་ཀྲུང་གོ་དང་ཕཱ་ནཱ་མཱ་རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་སྟེང་བཙན་དབང་གི་གཉའ་གནོན་ཐེབས་པའི་གཅིག་མཐུན་གྱི་ལོ་རྒྱུས་བརྒྱུད་རིམ་ཕྱིར་དྲན་བྱས། ཁོས་བཤད་རྒྱུར། གཅིག་མཐུན་གྱི་ལོ་རྒྱུས་བརྒྱུད་རིམ་དེ་རིགས་ལས་ཀྲུང་གོ་དང་ཕཱ་ནཱ་མཱ་རྒྱལ་ཁབ་གཉིས་ཀྱིས་སྒེར་ཚུགས་དང་ཞི་བདེ་ཡི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་ཐུན་མོང་ལྟ་ཚུལ་འགོད་པ་དང་གྲོས་མོལ། མཐུན་སྒྲིལ། འབྲེལ་འདྲིས་བཅས་བྱས་ཏེ། ང་རྒྱལ་དང་ཁ་བྲལ། ངོ་རྒོལ་བཅས་དང་ལེན་མི་བྱེད་པར་བཙན་པོས་གཉོམ་པོར་གཉའ་གནོན་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད་ཟེར། 

ཀྲུང་གོའི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་ཡོན་ཀྲང་ཞུའུ་པུའུ་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། འཛམ་གླིང་ཧྲིལ་བོ་འཕེལ་རྒྱས་དང་བཅོས་བསྒྱུར། ལེགས་སྒྲིག་བཅས་ཀྱི་དུས་སྐབས་སུ་གནས་ཡོད་ཅིང་། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པ་ནི་འཕེལ་རྒྱས་དང་མཉམ་ལས། གཉིས་རྒྱལ་གྱི་དབྱངས་རྟ་གཙོ་བོ་ཡིན་ལ། ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས། འཕྲོད་བསྟེན་བཅས་ཁྱབ་ཁོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པའི་མི་ཡུལ་གྱི་བདེན་ལུགས་ཡིན་ཟེར། 

ཕཱ་ནཱ་མཱའི་ཆབ་སྲིད་རིག་པ་སྨྲ་བའམ་རྒྱལ་སྤྱིའི་གནད་དོན་གྱི་ཆེད་མཁས་པ་པུས་ལེ་ཡཱ་ལོ་བོ་སི་ཡིས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་གསར་བ་ཞིག་འཛུགས་དགོས་པ་དང་། སྔར་ལས་འདྲ་མཉམ་དང་བཟོད་སྒོམ་རང་བཞིན་ལྡན་པའི་རྒྱུན་མཐུད་ཀྱི་འཕེལ་རྒྱས་རྣམ་པ་གཏན་འབེབས་བྱེད་དགོས་ཟེར། 

ཕཱ་ནཱ་མཱའི་ཆབ་སྲིད་རིག་པ་སྨྲ་བ་མའོ་ལཱ་ལའེ་སི་ཡིས་བལྟས་ན། འཛམ་གླིང་ཧྲིལ་བོ་ཐུན་མོང་གི་འཇིགས་ཉེན་ལ་འཕྲད་ཡོད་པས་མཉམ་དུ་ཐག་གཅོད་བྱེད་དགོས་པ་དང་། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་དེ་མ་འོངས་པར་ཁ་ཕྱོགས་པའི་འགུལ་སྐྱོད་ཕྱོགས་སྟོན་དུ་བྱས་ཤིང་མཉམ་དུ་འབད་བརྩོན་བྱས་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་མདུན་དུ་འཕེལ་རྒྱས་སུ་འགྲོ་བར་ཆ་རྐྱེན་བཟང་བོ་བསྐྲུན་དགོས་པར་འདོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།