ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་མགོ་ཁྲིད་རིམ་པའི་གཏམ་བཤད་ནང་འགལ་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ཉེར་བདུན་ཉིན་བསྟན་དོན། ཝུའུ་ཁི་ལན་གྱི་མགོ་ཁྲིད་རིམ་པས་ནང་འགལ་ཡིན་པའི་གཏམ་བཤད་མང་དུ་སྤེལ་བས། ཨུ་རུ་སི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་བསམ་ཚུལ་ངོ་མ་ཅི་ཡིན་གསལ་བོར་ཤེས་ཐབས་མེད་ཟེར། ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་མཱ་ལེ་ཡཱ་ཨར་གྱིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། མིག་སྔའི་འཐབ་འཁྲུག་གནས་བབ་དཀའ་སྡུག་ཆེ་ཞིང་སྔར་ལས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ཝུའུ་ཁི་ལན་གྱི་དམག་དཔུང་གིས་རྒྱལ་སྤྱི་ནས་ཁས་ལེན་པའི་རྒྱལ་མཚམས་ནང་གི་ཝུའུ་ཁི་ལན་གྱི་མངའ་ཁོངས་ཚང་མ་བཅིངས་འགྲོལ་བྱེད་རག་བར་འཐབ་འཁྲུག་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཟེར། 

ཚེས་ཉེར་བདུན་ཉིན་གསར་འགྱུར་སྨྱན་བྱད་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གྲོས་མོལ་གནད་དོན་འདྲི་སྐབས་ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་བསྟན་དོན། ཝུའུ་ཁི་ལན་ཕྱོགས་ཀྱིས་གྲོས་མོལ་མཚམས་འཇོག་རྒྱུ་ཐག་བཅད་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱི་བྱ་སྤྱོད་དེ་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཆེས་མཐོའི་རིམ་པའི་གྲོས་མོལ་སྤེལ་བའི་རེ་བ་བཏོན་པའི་བཤད་ཚུལ་དང་རྒྱབ་འགལ་དུ་གྱུར་ཡོད་ཟེར། ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་མགོ་ཁྲིད་རིམ་པས་ནང་འགལ་ཡིན་པའི་གཏམ་བཤད་མང་དུ་སྤེལ་བས། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་འདོད་འདུན་ངོ་མ་ཅི་ཡིན་གསལ་བོར་ཤེས་ཐབས་མེད་ཟེར།

ལུའུ་ཀན་སི་ཁི་ས་ཁུལ་གྱི་དམག་དོན་སྲིད་འཛིན་དཔོན་པོ་ཞེ་ཨར་ཀའེ་ཀའེ་ཏའེ་ཡིས་ཚེས་ཉེར་བདུན་ཉིན་དྲ་ལམ་ནས་བསྟན་དོན། ཨུ་རུ་སིའི་དམག་དཔུང་གིས་ཕྱོགས་མང་བོ་ནས་ལུའུ་ཀན་སི་ཁི་ས་ཁུལ་གྱི་ཏོན་ནེ་ཚི་ཁི་བྱང་མ་གྲོང་ཁྱེར་ལ་དཔུང་འཇུག་བྱེད་བཞིན་ཡོད་ཀྱང་། ཝུའུ་ཁི་ལན་དམག་ཕྱོགས་ཀྱི་གྲོང་ཁུལ་གྱི་འགོག་སྲུང་གཏོར་ཐུབ་མེད་ལ། མིག་སྔར་འཐབ་འཁྲུག་དེ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར། 

ཏོན་ནེ་ཚི་ཁིའི་དྲག་ཆས་སྟོབས་ཤུགས་ཀྱིས་ཚེས་ཉེར་བདུན་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། མིག་སྔའི་བར་དུ་ཏོན་ནེ་ཚི་ཁི་དང་ལུའུ་ཀན་སི་ཁིའི་དྲག་ཆས་སྟོབས་ཤུགས་ཀྱིས་ཨུ་རུ་སིའི་དམག་དཔུང་གི་མེ་ཤུགས་རོགས་འདེགས་འོག ཏོན་ནེ་ཚི་ཁི་ས་ཁུལ་གྱི་སྡོད་དམངས་ཀྱི་སྡོད་གནས་ཉིས་བརྒྱ་དང་ཉི་ཤུ་ཡོངས་སུ་ཚོད་འཛིན་བྱས་ཡོད་པ་དང་། དེའི་ནང་འཐབ་ཇུས་གནད་ས་དང་ལྕགས་ལམ་དྲ་འབྲེལ་ལྟེ་བ་ཧོང་ལེ་མན་སོགས་འདུས་ཡོད་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ཨུ་རུ་སིར་སྡོད་པའི་ཁི་ལོ་ཏི་ཡཱའི་གཞུང་ཚབ་ཆེན་མོ་བོས་ནས་ཁོར་བརྡ་ཐོ་སྤྲད་པ་དང་། ཨུ་རུ་སིར་སྡོད་པའི་ཁི་ལོ་ཏི་ཡཱའི་གཞུང་ཚབ་ཁང་གི་ཕྱི་འབྲེལ་མི་སྣ་ལྔ་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་ནས། དེའི་སྔོན་ཁི་ལོ་ཏི་ཡཱ་ཕྱོགས་ཀྱིས་ཁི་ལོ་ཏི་ཡཱ་རུ་སྡོད་པའི་ཨུ་རུ་སིའི་ཕྱི་འབྲེལ་མི་སྣ་ཇེ་ཉུང་དུ་གཏོང་བའི་བྱ་སྤྱོད་ལ་རྒོལ་ལན་སྤྲད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།