ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་སི་རལ་དུ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཚེས་ཉེར་ལྔ་ཉིན་དབྱི་སི་རལ་དུ་འབྱོར་ནས་འཚམས་འདྲི་བྱས། དེ་ནི་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་རིམ་པའི་དཔོན་རིགས་ཀྱིས་ལོ་ངོ་བཅོ་ལྔའི་རིང་ཐོག་དང་པོར་དབྱི་སི་རལ་དུ་འཚམས་འདྲི་བྱས་པ་རེད། 

དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་ལཱ་ཕིས་ཏི་ཡིས་ཉིན་དེར་ཡེ་ལུའུ་སཱ་ལེམ་ནས་ཆཱ་ཝུའུ་ཧྲི་ཨོ་ལུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་དབྱི་སི་རལ་གྱི་མཁའ་འགྲུལ་ཀུང་ཟི་ཡིས་ཐུར་ཁེ་ལ་གནམ་གྲུ་ཐད་གཏོང་བྱེད་པའི་བྱ་བའི་ཐད་ནས་མུ་མཐུད་དུ་གྲོས་མོལ་བྱེད་པར་ཡིད་འཐད་བྱུང་བ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་སླར་གསོ་བྱེད་རྒྱུ་རེད། 

ལཱ་ཕིས་ཏི་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་སི་རལ་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བྱུང་ཡོད་ཟེར། ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བསྟན་དོན། ཐུར་ཁེ་དང་དབྱི་སི་རལ་གྱི་འབྲེལ་བ་ལེགས་བཅོས་བྱེད་པ་དེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་ཤུགས་རྐྱེན་ཆེན་པོ་ཡོད་ལ། ཐུར་ཁེ་ཕྱོགས་ཀྱིས་བལྟས་ན་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་པར་འདོད། 

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཚེས་ཉེར་བཞི་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གྲོང་ཁྱེར་ལཱ་མུའུ་ཨན་ལཱར་འཚམས་འདྲི་བྱས་པ་དང་། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་ཕཱ་ལེ་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་མཱ་ལེ་ཅི་གཉིས་དང་གྲོས་མོལ་བྱས། ཕཱ་ལེ་སི་ཐན་དང་ཐུར་ཁེ་ཕྱོགས་གཉིས་ཀྱིས་མཉམ་ལས་གྲོས་མཐུན་དགུ་བཀོད་པ་དང་། དཔལ་འབྱོར་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ལ་འབྲེལ་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།