ཀྲུང་གོ་བོད་ཀྱི་དྲ་བ།

སུའེ་ཏེན་སྲིད་གཞུང་གིས་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་དངོས་སུ་རེ་ཞུ་བྱེད་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཨན་ཏི་སུང་གིས་སི་ཏི་ཀི་ཨར་མའོ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གཏམ་བཤད་སྤེལ། 

2.jpg

ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཨན་ཏི་སུང་དང་ཞི་འཇམ་མཉམ་འབྲེལ་ཏང་གི་མགོ་ཁྲིད་པ་ཝུའུ་ཨར་ཧྥུའུ་ཁི་ལི་སི་ཐི་སུང་གཉིས་མཉམ་དུ་སི་ཏི་ཀི་ཨར་མའོ་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥུན་ལན་སྲིད་གཞུང་གིས་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་རེ་ཞུ་བྱེད་རྒྱུ་ཐག་བཅད་ནས་ཉིན་གཅིག་འགོར་རྗེས། སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཨན་ཏི་སུང་གིས་ཚེས་བཅུ་དྲུག་ཉིན་ཁྱབ་བསྒྲགས་བྱས་དོན། སུའེ་ཏེན་སྲིད་གཞུང་གིས་ཉིན་དེར་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་དངོས་སུ་རེ་ཞུ་བྱེད་རྒྱུ་ཐག་བཅད། 

སུའེ་ཏེན་གྲོས་ཁང་གིས་ཉིན་དེར་དམིགས་བསལ་དཔྱད་གླེང་ཚོགས་འདུ་བསྡུས་ཏེ། ཏང་ཁག་བརྒྱད་ཁྲོད་ཀྱི་དྲུག་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་རེ་ཞུ་བྱེད་པར་ཡིད་འཐད་བྱུང་། ཨན་ཏི་སུང་གིས་དེའི་རྗེས་སུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། སུའེ་ཏེན་གྱིས་མ་འོངས་པའི་ཉིན་འགའི་ནང་ཧྥུན་ལན་དང་མཉམ་དུ་བྱང་ཆིངས་རྩ་འཛུགས་ལ་ཞུགས་པའི་རེ་ཞུ་སྤྲོད་རྒྱུ་ཡིན་ཟེར། 

ཉིན་དེར་མང་ཚོགས་སྐོར་ཞིག་གིས་སུའེ་ཏེན་གྲོས་ཁང་ཕྱི་རོལ་ནས་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་ངོ་རྒོལ་བྱས། 

ཨན་ཏི་སུང་གིས་མགོ་ཁྲིད་པའི་སུའེ་ཏེན་སྲིད་འཛིན་ཏང་སྤྱི་ཚོགས་དམངས་གཙོ་ཏང་གིས་ཚེས་བཅོ་ལྔ་ཉིན་སུའེ་ཏེན་གྱིས་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་རེ་ཞུ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཐག་བཅད། དེ་ལས་ཏང་ཁག་དེས་དུས་ཡུན་རིང་བོར་དམག་དོན་མནའ་འབྲེལ་ལ་ངོ་རྒོལ་བྱེད་པའི་དབུས་གནས་ལངས་ཕྱོགས་ལ་རྩ་བའི་འགྱུར་ལྡོག་བྱུང་བ་མཚོན་ཡོད། ཨན་ཏི་སུང་གིས་ཚེས་བཅོ་ལྔ་ཉིན་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། སྤྱི་ཚོགས་དམངས་གཙོ་ཏང་གིས་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་རེ་ཞུ་བྱེད་རྒྱུ་ཡིད་འཐད་བྱུང་ཡང་། བྱང་ཆིངས་རྩ་འཛུགས་ཀྱི་ཉིང་རྡུལ་མཚོན་ཆ་དང་དམག་དོན་རྟེན་གཞི་སུའེ་ཏེན་གྱི་མངའ་ཁོངས་སུ་བཀོད་སྒྲིག་བྱེད་འདོད་མེད་ཟེར། 

སུའེ་ཏེན་གྱི་སྤྱི་ཚོགས་དམངས་གཙོ་ན་གཞོན་མནའ་འབྲེལ་གྱིས་ཀྱང་ཆོད་དོན་དེར་ངོ་རྒོལ་བྱས། མནའ་འབྲེལ་དེའི་ཀྲུའུ་ཞི་ལེ་སཱ་ནཱ་པའོ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། སུའེ་ཏེན་གྱི་ན་གཞོན་ནི་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་ངོ་རྒོལ་དང་བསམ་འཆར་ཆེས་མང་བའི་མི་ཡིན་ལ། སུའེ་ཏེན་ངེས་པར་དུ་ཞི་བདེའི་འབོད་སྒྲ་དང་སྟོབས་ཤུགས་སུ་འགྱུར་དགོས་ཟེར། 

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚེས་བཅོ་ལྔ་ཉིན་བསྟན་དོན། གལ་ཏེ་ཧྥུན་ལན་དང་སུའེ་ཏེན་གྱིས་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་ཐག་བཅད་ན། དེ་དག་ཁོངས་གཏོགས་རྒྱལ་ཁབ་ཏུ་གྱུར་བ་ལས་བྱང་ཆིངས་རྩ་འཛུགས་ཀྱི་ཐུན་མོང་བདེ་འཇགས་ལ་ཤུགས་སྣོན་ཐེབས་སྲིད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།