ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལས་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ཐད་མཇུག་འབྲས་ཚབས་ཆེན་བཟོ་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ཚེས་བཅུ་བཞི་ཉིན་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལས་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ཐད་མཇུག་འབྲས་ཚབས་ཆེན་བཟོ་སྲིད་པ་དང་། ཝུའུ་ཁི་ལན་གྱི་འབྲུ་རིགས་ཕྱིར་གཏོང་ལ་ཚད་བཀག་ཐེབས་པ་ལས་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་ཛ་དྲག་གི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཟེར། 

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཞིང་ལས་པུའུ་ཀྲང་གིས་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞི་ཉིན་བར་འཇར་མན་གྱི་སི་ཐུའུ་ཅཱ་ཐི་ནས་གྲོས་ཚོགས་བསྡུས་ཏེ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལས་བྱུང་བའི་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་གནད་དོན་ལ་གྲོས་བསྡུར་བྱས། གྲོས་ཚོགས་གྲོལ་རྗེས་སྤེལ་བའི་སྤྱི་སྒྲོག་ལས། ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་རྨང་གཞིའི་སྒྲིག་ཆས་ལ་ཆམ་ཕབ་གཏོང་མཚམས་འཇོག་དགོས་པ་དང་། ཁྱད་པར་དུ་གྲུ་ཁ་དང་ལྕགས་ལམ་ལ་ཆམ་ཕབ་གཏོང་མཚམས་འཇོག་དགོས་པར་མ་ཟད། ཝུའུ་ཁི་ལན་གྱིས་ཉུང་མཐར་ཡང་འབྲུ་རིགས་ཏུན་བྱེ་བ་གཉིས་དང་ས་ཡ་ལྔ་ཕྱིར་གཏོང་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་བཏང་། 

འཇར་མན་གྱི་ཞིང་ལས་པུའུ་ཀྲང་ཨིག་ཚི་ཏི་མུས་ཨར་གྱིས་བསྟན་དོན། མིག་སྔའི་གནས་བབ་འོག་འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་སྒོས་ལྟོགས་སྡུག་དང་འཐབ་རྩོད་བྱེད་དགོས། དེའི་ཞོར་དུ་ནམ་ཟླའི་འགྱུར་ལྡོག་གི་ཐག་གཅོད་དང་སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་ཐད་ཀྱི་བྱ་བ་མཚམས་འཇོག་མི་རུང་། མིག་སྔར་ནམ་ཟླའི་འགྱུར་ལྡོག་དང་འབྲུ་རིགས་བདེ་འཇགས། ཞི་བདེ་བཅས་ནི་གནད་དོན་གཙོ་བོ་གསུམ་རེད་ཟེར། 

འཇར་མན་ནི་ད་ལོའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པ་དང་། འཇར་མན་སྲིད་གཞུང་གིས་ཚེས་བཅུ་བཞི་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དབང་གིས་འཛམ་གླིང་ཡོངས་ཀྱི་མི་བྱེ་བ་བཞི་དང་ས་ཡ་གསུམ་ཙམ་ལ་ལྟོགས་སྐོམ་འབྱུང་བའི་ཉེན་ཁ་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།