ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་དཔོན་རིགས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་སླར་གསོ་བྱས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ཡིས་ཚེས་བཅུ་གསུམ་ཉིན་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་མཐུན་སྦྱོར་བ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་ཕྱོགས་འགུལ་སྐྱོད་ལས་དོན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་མའོ་ལཱ་ཡིས་དབྱི་ལིང་གི་འཚམས་འདྲི་མཇུག་སྒྲིལ་བ་དང་། མའོ་ལཱ་ཡི་ཐེངས་འདིའི་འགྲུལ་བཞུད་སྔོན་དཔག་ལས་བཟང་ལ། དེའི་སྔོན་མཚམས་བཞག་ཡོད་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱི་གྲོས་མོལ་ཡང་བསྐྱར་སླར་གསོ་བྱས་ཡོད་ཟེར། 

པའོ་ལོས་ལེ་ཡིས་འཇར་མན་ནས་སྤེལ་བའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་སྐབས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ལ་དེའི་སྔོན་བཀག་རྒྱ་ཐེབས་ཡོད་ཀྱང་། ད་ལྟ་བཀག་རྒྱ་དེ་དག་གཙང་སེལ་བྱས་ཡོད། དེ་བས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་གྱིས་མཇུག་མཐའི་གྲོས་མཐུན་འགོད་ཐུབ་ཀྱང་སྲིད་ཟེར། 

པའོ་ལོས་ལེ་ཡིས་བཤད་རྒྱུར། དབྱི་ལིང་གི་དབྱི་སི་ལན་གསར་བརྗེའི་ཉེན་སྲུང་རུ་ཁག་སོགས་ཐད་ཀྱི་འགལ་བའི་དབང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་དེ་མཚམས་བཞག་ནས་ཟླ་ངོ་གཉིས་འགོར་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱིས་བལྟས་ན་ད་ལྟ་དེ་ལྟར་བསྐྱུར་མི་རུང་བ་དང་། དབྱི་ལིང་གིས་དེའི་ཐད་ནས་མངོན་པའི་རྣམ་འགྱུར་ཧ་ཅང་བཟང་བོ་ཡིན་པར་སྙམ་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།