ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་དུ་སྡོད་ཁང་གསར་འཛུགས་བྱེད་པའི་འཆར་གཞིར་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་སྲིད་འཛིན་ལས་ཁུངས་ཀྱི་མཐོ་རིམ་འཆར་འགོད་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་གཉིས་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་དུ་སྡོད་ཁང་གསར་འཛུགས་བྱེད་པའི་འཆར་གཞིར་ཆོག་མཆན་བཀོད་པ་ཁྱབ་བསྒྲགས་བྱས། བསྡོམས་པས་སྡོད་ཁང་སྟོང་བཞི་དང་སུམ་བརྒྱ་ཉི་ཤུ་ལྷག་ལ་འབྲེལ་ཡོད་པ་དང་། དེའི་ནང་སྡོད་ཁང་སྟོང་གཉིས་དང་དྲུག་བརྒྱ་གྱ་བཞིར་མཇུག་མཐའི་ཆོག་མཆན་ཐོབ་པ་ཡིན་ལ། སྡོད་ཁང་སྟོང་གཅིག་དང་དྲུག་བརྒྱ་སོ་དྲུག་ལ་ཐོག་མར་ཆོག་མཆན་བཀོད་པ་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝུན་ནེ་སི་ལན་གྱིས་དེའི་རྗེས་སུ་དབྱི་སི་རལ་གྱི་གོང་གི་འཆར་གཞི་དེར་རྒོལ་གཏམ་བཏང་། ཁོས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་སི་རལ་གྱིས་མུ་མཐུད་དུ་གཏན་སྡོད་ས་ཁུལ་རྒྱ་བསྐྱེད་པའི་བྱ་སྤྱོད་དེས་ཕཱ་ལེ་སི་ཐན་གྱི་ས་ཞིང་དང་རང་བྱུང་ཐོན་ཁུངས་བཙན་བཟུང་བྱས་པར་མ་ཟད། ཕཱ་ལེ་སི་ཐན་གྱི་མི་རྣམས་རང་དབང་འགྲོ་འདུག་བྱེད་པར་བཀག་རྒྱ་བཟོས་པ་རེད་ཟེར། 

དབྱི་སི་རལ་གྱི་སྲིད་གཞུང་མ་ཡིན་པའི་ད་ལྟ་ཞི་བདེ་ཡིན་ཞེས་པའི་རྩ་འཛུགས་ཀྱིས་གསལ་སྒྲོག་སྤེལ་ཏེ། བྱ་སྤྱོད་དེ་ལས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་མདུན་ལྗོངས་དང་ཕཱ་ལེ་སི་ཐན་གྱི་མ་འོངས་པའི་དཔལ་འབྱོར་འཕེལ་རྒྱས་ལ་གཏོར་བརླག་བཏང་ཡོད་པ་དང་། འཆར་གཞི་གསར་བ་དེར་ཆོག་མཆན་བཀོད་པའི་རྒྱུ་རྐྱེན་ཉག་ཅིག་ནི་གཡས་ཕྱོགས་སྲིད་ཏང་ལ་ངོ་དགའ་བྱེད་འདོད་པས་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།