ཀྲུང་གོ་བོད་ཀྱི་དྲ་བ།

ཁཱ་ཐར་གྱི་འགོ་ཁྲིད་པས་དབྱི་ལིང་དུ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་ཡིས་ཚེས་བཅུ་གཉིས་ཉིན་ཏི་ཧེ་ལན་ནས་འཚམས་འདྲིར་ཡོང་བའི་ཁཱ་ཐར་གྱི་འགོ་ཁྲིད་པ་ཐཱ་མུས་མུའུ་དང་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ལ་གྲོས་བསྡུར་བྱས། 

ལའེ་ཞེ་ཡིས་ཉིན་དེར་གྲོས་མོལ་བྱས་རྗེས་ཀྱི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཕྱི་རྒྱལ་གྱི་ཐེ་གཏོགས་གང་རུང་ལས་བདེ་འཇགས་འདོན་སྤྲོད་བྱེད་མི་ཐུབ་པར་མ་ཟད། ས་ཁུལ་གྱི་ཞི་བདེ་ལའང་ཕན་ཐོགས་མེད་ལ། ས་ཁུལ་རང་གི་རྒྱལ་ཁབ་དག་གིས་ད་གཟོད་ས་གནས་རང་གི་གནད་དོན་ཐག་གཅོད་བྱེད་ཐུབ་ཟེར། 

ལའེ་ཞེ་ཡིས་བཤད་རྒྱུར། དབྱི་ལིང་དང་ཁཱ་ཐར་གྱིས་གཅིག་གྱུར་སྒོས་བལྟས་ན། ཡེ་མིན་གྱི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་དགོས་པ་དང་། ཡེ་མིན་མི་དམངས་ལ་རང་ཉིད་ཀྱི་ལས་དབང་ཐག་གཅོད་བྱེད་པའི་དབང་ཆ་ཡོད་པར་འདོད། དེ་མིན་ཨ་ཧྥུའུ་ཧན་གྱི་གནད་དོན་དེ་བཟོད་སྒོམ་རང་བཞིན་ལྡན་པའི་སྲིད་གཞུང་ཞིག་རྩ་འཛུགས་བྱས་ཏེ་ཐག་གཅོད་བྱེད་དགོས་ཟེར། 

ཐཱ་མུས་མུའུ་ཡིས་བསྟན་དོན། འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་ནི་ས་ཁུལ་གྱི་འགལ་བ་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར། ཁཱ་ཐར་གྱིས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་བར་དམིགས་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་བར་གྱི་གྲོས་མོལ་ལ་རྣམ་འགྱུར་བཟང་བོ་བཟུང་ཡོད་པར་མ་ཟད། འབྲེལ་ཡོད་གནད་དོན་དེ་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར། 

ཐཱ་མུས་མུའུ་ཡིས་ཉིན་དེར་ད་རུང་དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱེ་དང་གྲོས་མོལ་བྱས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།