ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཕྱེད་གླིང་བརྙན་འཕྲིན་ཁང་གི་བུད་མེད་གསར་འགོད་པ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བར་ཧ་ལས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སིའི་མགྲིན་ཚབ་པ་གཞོན་པ་ཧཱ་ཁི་ཡིས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཀུའུ་ཐི་ལོས་སི་ཡིས་ཁཱ་ཐར་ཕྱེད་གླིང་བརྙན་འཕྲིན་ཁང་གི་བུད་མེད་གསར་འགོད་པ་ཞེ་ལིན་ཨ་པུའུ་ཨ་ཁི་ལེ་ཧི་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བར་ཧ་ལས་པའི་ཚུལ་བསྟན་པ་དང་། འབྲེལ་ཡོད་དབང་འཛིན་ལས་ཁུངས་ཀྱིས་དོན་དེར་རྟོག་ཞིབ་བྱེད་དགོས་པའི་སྐུལ་མ་བཏང་། 

ཞེ་ལིན་ཨ་པུའུ་ཨ་ཁི་ལེ་ཧི་ནི་ཕཱ་ལེ་སི་ཐན་རྒྱུད་ཀྱི་ཨ་མེ་རི་ཁའི་མི་ཡིན་ཞིང་། ཚེས་བཅུ་གཅིག་ཉིན་དབྱི་སི་རལ་གྱི་དམག་དཔུང་དང་ཕཱ་ལེ་སི་ཐན་གྱི་མིའི་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ཉིང་ཡུལ་གྱར་བའི་སྒར་སའི་འཁྲུག་རྩོད་ཀྱི་གནས་ཚུལ་བསྒྲགས་སྐབས་སྟབས་མ་ལེགས་པར་མགོ་ལ་མེ་མདའ་ཕོག་པ་དང་། སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར་བ་རེད། 

གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཞེ་ལིན་ཨ་པུའུ་ཨ་ཁི་ལེ་ཧི་ཡི་ཁྱིམ་མིར་ལྷག་བསམ་རྣམ་དག་གི་འཚམས་འདྲི་བྱས་པར་མ་ཟད། དོན་རྐྱེན་དེའི་ཁྲོད་རྨས་ཕོག་པའི་གསར་འགོད་པ་གཞན་པ་དེ་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས། ཀུའུ་ཐི་ལོས་སི་ཡིས་འབྲེལ་ཡོད་དབང་འཛིན་ལས་ཁུངས་ཀྱིས་དོན་རྐྱེན་དེར་ཆེད་དུ་རྟོག་ཞིབ་གསལ་བོ་བྱེད་དགོས་པའི་སྐུལ་མ་བཏང་། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་གསར་འགོད་པར་འཇབ་རྒོལ་བྱས་ནས་ཚེ་སྲོག་འཕྲོག་པའི་བྱ་སྤྱོད་གང་རུང་ལ་རྒོལ་གཏམ་གཏོང་བཞིན་ཡོད་པ་དང་། གསར་འགོད་པ་དེ་དྲག་ཤུགས་འཇབ་རྒོལ་གྱི་དམིགས་འབེན་དུ་གཏན་ནས་འགྱུར་མི་རུང་བ་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།