ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཁི་ལུང་གིས་ཙུང་ཐུང་གི་འགན་ཡུན་གསར་བའི་ནང་ཧྥ་རན་སི་སྔར་ལས་སྟོབས་ལྡན་དུ་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་གི་ལས་འགན་ཁུར་བའི་མཛད་སྒོ་ཚེས་བདུན་ཉིན་ཙུང་ཐུང་བཞུགས་ཤག་ཨེ་ལོས་ཧྲི་ཕོ་བྲང་ནས་སྤེལ། བདེ་བླག་ངང་བསྟུད་འགན་ཁུར་བའི་མཱ་ཁི་ལུང་གིས་བསྟན་དོན། ལོ་ལྔའི་ཙུང་ཐུང་གི་འགན་ཡུན་གསར་བའི་ནང་ཧྥ་རན་སི་ལ་འགྱུར་ལྡོག་གསར་བ་འབྱུང་དུ་འཇུག་པ་དང་། ཧྥ་རན་སི་སྔར་ལས་སྟོབས་ལྡན་དང་སྒེར་ཚུགས་སུ་འགྱུར་བར་བྱས་ནས། ཡོ་རོབ་གླིང་གི་ཞི་བདེ་གསར་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ལས་འགན་ཁུར་བའི་མཛད་སྒོ་དེ་ཚེས་བདུན་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་གཅིག་སྟེང་ཨེ་ལོས་ཧྲི་ཕོ་བྲང་གི་དུས་ཆེན་ཚོམས་ཁང་ནས་སྤེལ། ཧྥ་རན་སིའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་པུས་ཡུག་སི་ཡིས་ཉིས་སྟོང་ཉེར་གཉིས་ལོའི་ཙུང་ཐུང་འདེམ་བསྐོའི་དངོས་གཞིའི་མཇུག་འབྲས་ཁྱབ་སྒྲོག་བྱས་པ་དང་། མཱ་ཁི་ལུང་ལ་བསྟུད་འགན་ཁུར་བའི་གོ་སྐབས་ཐོབ་པ་རེད། 

མཱ་ཁི་ལུང་གིས་ལས་འགན་ཁུར་བའི་མཛད་སྒོའི་སྟེང་བཤད་རྒྱུར། ལོ་ལྔའི་ཙུང་ཐུང་གི་འགན་ཡུན་གསར་བའི་ནང་ཁོས་ཧྥ་རན་སིའི་ཉིས་སྟོང་སུམ་ཅུ་ལོའི་དངུལ་གཏོང་འཆར་གཞི་ལ་བརྟེན་ནས་ཧྥ་རན་སི་དེ་ཞིང་ལས་དང་བཟོ་ལས། ཚན་རིག གསར་གཏོད་ནུས་པ་བཅས་ལྡན་པའི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་འགྱུར་བར་བྱེད་རྒྱུ་ཡིན་ཟེར། 

མཱ་ཁི་ལུང་གིས་བསྟན་དོན། སྲིད་གཞུང་གི་མ་འོངས་པའི་བྱ་བའི་གཙོ་གནད་དེ་འདྲ་མཉམ་གྱི་ལས་ཞུགས་དང་སློབ་གསོ། སྨན་བཅོས་བཅོས་བསྒྱུར། སྐྱེ་ཁམས་རིམ་འཕར་སོགས་ལ་འབྲེལ་བ་ཡོད་ཟེར། ཁོས་བསྟན་དོན། ཧྥ་རན་སི་ཡིས་མུ་མཐུད་དུ་ནམ་ཟླའི་འགྱུར་ལྡོག་གི་འགྲན་རྩོད་ཐག་གཅོད་པར་འབད་འབུངས་བྱས་ཏེ། རྗེས་རབས་པར་འཚོ་གནས་སུ་འོས་པའི་སའི་གོ་ལ་ཞིག་བསྐྱུར་དགོས་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་དྲ་རྒྱའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 

མཱ་ཁི་ལུང་གིས་ད་རུང་བཤད་རྒྱུར། ཧྥ་རན་སི་ཡིས་མུ་མཐུད་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་རིམ་པ་ནས་འབད་བརྩོན་བྱས་ཏེ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་རྒྱུ་མ་ཟད། ཧུར་ཐག་སྒོས་ཡོ་རོབ་གླིང་གི་ཞི་བདེའི་རྣམ་པ་གསར་བ་འཛུགས་རྒྱུ་ཡིན་ཟེར། 

ཨེ་ལོས་ཧྲི་ཕོ་བྲང་གིས་ཁྱབ་བསྒྲགས་བྱས་དོན། དུས་སྐབས་སྔོན་མ་དང་འདྲ་བར་མཱ་ཁི་ལུང་གིས་འཇར་མན་རྒྱལ་ཁབ་དེ་རང་གི་ལས་འགན་ཁུར་བའི་མཛད་སྒོའི་རྗེས་ཀྱི་འཚམས་འདྲི་བྱེད་སའི་རྒྱལ་ཁབ་ཐོག་མར་གདམ་གསེས་བྱས་པ་དང་། ཁོ་ཟླ་ལྔ་བའི་ཚེས་དགུ་ཉིན་པའོ་ལིན་དུ་སོང་ནས་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་དང་གྲོས་མོལ་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།