ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་པེ་ཨར་ཀི་ལོ་ཏི་མངའ་སྡེའི་སྡེ་བ་གཉིས་ལ་ཝུའུ་ཁི་ལན་གྱི་དམག་དཔུང་གི་མེ་སྒྱོགས་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་རྒྱལ་མཚམས་དང་ཉེ་བའི་ཨུ་རུ་སིའི་པེ་ཨར་ཀི་ལོ་ཏི་མངའ་སྡེའི་མགོ་བ་ཀི་ལཱ་ཏི་ཁི་ཧྥུའུ་ཡིས་ཚེས་ལྔ་ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། མངའ་སྡེ་དེའི་སྡེ་བ་གཉིས་ལ་ཉིན་དེར་ཝུའུ་ཁི་ལན་ཕྱོགས་ཀྱི་མེ་སྒྱོགས་འཇབ་རྒོལ་ཐེབས་ཡོད་ཟེར། 

ཀི་ལཱ་ཏི་ཁི་ཧྥུའུ་ཡིས་བཤད་རྒྱུར། མངའ་སྡེ་དེའི་རོའུ་ལཱ་ཧྥུའུ་ལེའོ་ཧྥུའུ་ཁཱ་དང་ནེ་ཧའོ་ཐི་ཡེ་ཧྥུའུ་ཁཱ་ཞེས་པའི་སྡེ་བ་གཉིས་ལ་ཚེས་ལྔ་ཉིན་ཝུའུ་ཁི་ལན་ཕྱོགས་ཀྱི་མེ་སྒྱོགས་འཇབ་རྒོལ་ཐེབས་ཏེ། སྡེ་བའི་ཁང་བ་སྐོར་ཞིག་ལ་གཏོར་བརླག་ཐེབས་ཀྱང་། མི་སྣར་ཤི་རྨས་བྱུང་མེད་ཟེར། 

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ལྔ་ཉིན་གསར་འགྱུར་ལས་རིགས་ལ་བསྟན་དོན། ཨུ་རུ་སིའི་དམག་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་དབྱིན་ཇི། དེ་མིན་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་དམག་ཕྱོགས་ལ་གསང་འཕྲིན་འདོན་སྤྲོད་བྱེད་བཞིན་པ་ཤེས་ཡོད་ལ། ཨུ་རུ་སིའི་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་དེ་རྒོལ་ལན་སྤྲོད་བཞིན་ཡོད་ཟེར། ཁོས་བསྟན་དོན། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་དུ་མཚོན་ཆ་སྐྱེལ་འདྲེན་བྱས་པ་དང་གསང་འཕྲིན་འདོན་སྤྲོད་བྱས་པ་ལས་དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་བཀག་རྒྱ་ཐེབས་མི་སྲིད་ཟེར། ཝུའུ་ཁི་ལན་གྱིས་སྤེལ་བའི་ཨུ་རུ་སིའི་དམག་དཔུང་ནམ་གུང་ཡཱ་སུའུ་རྣོ་ལྕགས་བཟོ་གྲྭར་འཛུལ་ནས་ཝུའུ་ཁི་ལན་བར་འཁྲུག་རྩོད་དྲག་པོ་བྱུང་བར་བཤད་པའི་གནས་ཚུལ་ཐད་ནས་ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་མིག་སྔར་ཨུ་རུ་སིའི་དམག་དཔུང་གིས་ཡཱ་སུའུ་རྣོ་ལྕགས་བཟོ་གྲྭའི་འགུལ་སྐྱོད་ཐད་ནས་བཀའ་རྒྱ་གསར་བ་བསྒྲགས་མེད་པ་དང་། དེའི་སྔོན་ཨུ་རུ་སིའི་ཕྱོགས་ཀྱིས་བཏོན་པའི་ཕར་རྒོལ་དྲག་པོ་རྩིས་མེད་དུ་བཏང་ནས་བཟོ་གྲྭའི་ཁུལ་བཀག་སྡོམ་བྱེད་པའི་ཆོད་དོན་སྔར་བཞིན་ལག་བསྟར་བྱེད་བཞིན་ཡོད་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ལྔ་ཉིན་དྲ་ཚིགས་སུ་གསལ་སྒྲོག་སྤེལ་ཏེ། ཏན་མག་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་ཨུ་རུ་སིར་རྒོལ་བའི་སྲིད་ཇུས་ཀྱིས་ཨུ་རུ་སི་དང་ཏན་མག་གི་འབྲེལ་བར་གཏོར་བརླག་ཚབས་ཆེན་བཟོས་ཡོད། དེའི་ལན་དུ་ཨུ་རུ་སིའི་ཕྱོགས་ཀྱིས་ཨུ་རུ་སིར་སྡོད་པའི་ཏན་མག་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་བདུན་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་མི་དེ་དག་གཟའ་འཁོར་གཉིས་ཀྱི་ནང་ཨུ་རུ་སིའི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན་ཡོད། དེ་ལས་གཞན་ཨུ་རུ་སིར་སྡོད་པའི་ཏན་མག་གི་ཕྱི་འབྲེལ་འཐུས་ཚབ་ཚོགས་པའི་ཕྱི་འབྲེལ་དཔོན་པོ་གཅིག་ལ་ཨུ་རུ་སིའི་ཕྱོགས་ཀྱིས་ལམ་ཡིག་མ་བྱིན་པ་རེད། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ཚེས་ལྔ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སིའི་དམག་དཔུང་གི་མཁའ་སྲུང་དམག་དཔུང་གིས་ཡང་བསྐྱར་ཝུའུ་ཁི་ལན་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུ་གསུམ་སར་འཕངས་པ་དང་། ཧཱ་ཨར་ཁི་ཧྥུའུ་མངའ་སྡེ་དང་ཧི་ཨར་སུང་མངའ་སྡེ། དེ་མིན་ཏོན་ནེ་ཚི་ཁི། ལུའུ་ཀན་སི་ཁི་སོགས་ས་ཁུལ་ནས་ཝུའུ་ཁི་ལན་དམག་ཕྱོགས་ཀྱི་མི་བསྡད་མེད་པའི་གནམ་གྲུ་བཞི་བཅུ་སར་འཕངས་པ་རེད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།