ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ཏེ་ཡང་བསྐྱར་འབྱུང་ཐུབ་པའི་ནུས་ཁུངས་ཀྱི་བེད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་བཞི་ཉིན་ཉིས་སྟོང་ཉེར་ལྔ་ལོའི་སྔོན་དུ་ནུས་ཁུངས་ཀྱི་དམ་བཅའ་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ཏེ། ཡང་བསྐྱར་འབྱུང་ཐུབ་པའི་ནུས་ཁུངས་ཀྱི་བེད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ཉིས་སྟོང་ཉེར་ལྔ་ལོར་ཡང་བསྐྱར་མི་དུང་ཕྱུར་ལྔར་གློག་ཤུགས་མཁོ་འདོན་ཐོབ་ཐུབ་པ་མངོན་འགྱུར་བྱེད་པ་དང་། ཡང་བསྐྱར་མི་ཐེར་འབུམ་གཅིག་ལ་དག་གཙང་གཡོ་སྐོལ་གྱི་ཐག་གཅོད་ཇུས་གཞི་ཐོབ་ཐུབ་ངེས་རེད་ཟེར། 

འགུལ་སྐྱོད་འཆར་གཞི་དེའི་དམིགས་ཡུལ་ལ་ད་རུང་ཉིས་སྟོང་ཉེར་ལྔ་ལོའི་བར་འཛམ་གླིང་ཡོངས་ཀྱི་ཡང་བསྐྱར་འབྱུང་ཐུབ་པའི་ནུས་ཁུངས་གློག་འདོན་ནུས་པ་བརྒྱ་ཆའི་བརྒྱ་ཁ་སྣོན་བྱེད་པ་དང་། ཡང་བསྐྱར་འབྱུང་ཐུབ་པའི་ནུས་ཁུངས་དང་ནུས་ཁུངས་ཕན་འབྲས་ཁྱབ་ཁོངས་སུ་བྱ་བའི་ལས་གནས་བྱེ་བ་གསུམ་ཁ་སྣོན་བྱེད་རྒྱུ་མ་ཟད། འཛམ་གླིང་ཡོངས་ཀྱི་དག་གཙང་ནུས་ཁུངས་ཐད་ཀྱི་ལོ་ཧྲིལ་བོའི་དངུལ་གཏོང་ལྡབ་འགྱུར་གྱིས་ཇེ་མང་དུ་གཏོང་རྒྱུ་བཅས་འདུས། 

ཉིན་དེར་དུས་མཉམ་དུ་མགོ་བརྩམས་པའི་ནུས་ཁུངས་ཆིངས་ཡིག་འགུལ་སྐྱོད་དྲ་རྒྱའི་དམིགས་ཡུལ་ནི་རང་གི་དག་གཙང་ནུས་ཁུངས་དམིགས་འབེན་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་པའི་སྲིད་གཞུང་དང་མ་དངུལ་འདོན་སྤྲོད་བྱེད་པར་ཁས་ལེན་བྱས་པའི་སྲིད་གཞུང་དང་ཁེ་ལས་སོགས་ཀྱི་བར་དུ་འབྲེལ་ཟམ་འཛུགས་པའི་ཆེད་དུ་རེད། དྲ་རྒྱ་དེར་མཉམ་འབྲེལ་རྒྱལ་ཚོགས་ནུས་ཁུངས་རྐྱེན་སྲོལ་གྱི་རྒྱབ་སྐྱོར་ཐོབ་ཡོད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་ཁུངས་རྐྱེན་སྲོལ་གྱིས་ནུས་ཁུངས་ཆིངས་ཡིག་ཐད་རང་འགུལ་གྱིས་ཁས་ལེན་བྱས་པའི་སྲིད་གཞུང་དང་ཁེ་ལས། དེ་མིན་དམངས་ཁྲོད་མཉམ་ལས་གྲོགས་པོའི་དངུལ་གཏོང་སྣེ་ཁྲིད་དང་ཆེད་ལས་ཤེས་བྱ། ཐོན་ཁུངས་བཅས་མངོན་འགྱུར་བྱེད་པར་རོགས་རམ་བྱེད་པ་ལ་སྟབས་བདེ་བཟོ་བའི་ཁས་ལེན་དམ་བཅའ་ཉིས་བརྒྱ་ཙམ་ཕྱོགས་བསྡུས་བྱས་ཡོད། རྐྱེན་སྲོལ་དེས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་བར་མཉམ་ལས་བྱས་ནས་ལག་བསྟར་ཇུས་གཞི་དང་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད་ལ། ཁེ་ཕན་ལ་འབྲེལ་བ་ཡོད་པའི་ཕྱོགས་ཁག་ཚང་མས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་ཏེ་མི་རེ་རེར་ཁུར་དུ་ལེན་ཐུབ་པ་དང་བློ་གཏོད་རུང་བའི་རྒྱུན་མཐུད་ཀྱི་དེང་རབས་ནུས་ཁུངས་ཐོབ་པར་འགན་སྲུང་བྱེད་པ་མངོན་འགྱུར་བྱེད་པའི་གྲོགས་པོ་གལ་ཆེན་ཡིན། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་ཁུངས་རྐྱེན་སྲོལ་གྱི་ཁོངས་གཏོགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་སྤེལ་འཆར་འགོད་ཁང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལས་དོན་ཁང་། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས། འཛམ་གླིང་དངུལ་ཁང་སོགས་རྩ་འཛུགས་ལས་ཁུངས་འདུས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།