ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལིས་ཅན་གྱིས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་ཞེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཚེས་ཉེར་དགུ་ཉིན་བསྟན་དོན།   འཇིགས་སྐུལ་རིང་ལུགས་ནི་མིའི་རིགས་ཀྱི་དགྲ་བོ་ཡིན་པ་དང་། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན།   དེ་བས།   ཕྱོགས་སོ་སོས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་པ་དང་།   འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་ཡོད་ཚད་སྤྱད་དེ་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱ་དགོས་ཟེར།

ཀྲའོ་ལིས་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར།   ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན།   མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གཅིག་གྱུར་གྱི་ཀྲུའུ་ཞི་གསར་འགྱུར་གླེང་མོལ་སྤེལ་ཏེ།   ཉེ་སྔོན་གྱི་ཕ་ཁི་སི་ཐན་ཁ་ལ་ཆི་སློབ་ཆེན་ཁུང་ཙི་སློབ་གླིང་གི་རེས་འཁོར་ལ་འཇིགས་སྐུལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་།   གནོད་ཐེབས་མཁན་གྱི་ཁྱིམ་མི་དང་ཀྲུང་གོ་སྲིད་གཞུང་།  ཕ་ཁི་སི་ཐན་སྲིད་གཞུང་བཅས་ལ་བརྩེ་བའི་འཚམས་འདྲི་བྱས་ཤིང་།   འཇབ་རྒོལ་དོན་རྐྱེན་བཟོ་མཁན་དང་རྩ་འཛུགས་མཁན།   རོགས་སྐྱོར་མཁན། རྒྱབ་སྐྱོར་མཁན་བཅས་ཁྲིམས་ལ་སྦྱོར་དགོས་ཞེས་ནན་གྱིས་བསྟན་པར་མ་ཟད།    རྒྱལ་ཁབ་སོ་སོས་ཀྲུང་གོ་སྲིད་གཞུང་དང་ཕ་ཁི་སི་ཐན་སྲིད་གཞུང་དང་མཉམ་ལས་བྱ་དགོས་པའི་འབོད་སྐུལ་བཏང་།

ཀྲའོ་ལིས་ཅན་གྱིས་བཤད་རྒྱུར།  བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གསར་འགྱུར་གླེང་མོལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེངས་འདིའི་འཛིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མི་སེར་ལ་འཚམས་འདྲི་བྱས་པར་མ་ཟད།    འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཐུན་མོང་གི་སེམས་འདུན་མཚོན་པར་བྱས།

ཀྲའོ་ལིས་ཅན་གྱིས་བཤད་རྒྱུར།   མིག་སྔར།   རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་ཐད་ད་རུང་འཇིགས་སྐུལ་ཐེབས་བཞིན་ཡོད་པས།  ཕྱོགས་སོ་སོས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་པ་དང་།  འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་ཡོད་ཚད་སྤྱད་དེ་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱ་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།