ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་སྲིད་གཞུང་གིས་ཝུའུ་ཁི་ལན་ལ་རིན་ཐང་མེ་སྒོར་དུང་ཕྱུར་བརྒྱད་ཀྱི་མཚོན་ཆ་སོགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་ཆོག་མཆན་འགོད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་ཝུའུ་ཁི་ལན་ལ་རིན་ཐང་མེ་སྒོར་དུང་ཕྱུར་བརྒྱད་ཀྱི་མཚོན་ཆ་སོགས་དང་བདེ་འཇགས་རོགས་སྐྱོར་གཞན་པ་འདོན་སྤྲོད་བྱེད་པར་ཆོག་མཆན་འགོད་རྒྱུ་ཡིན་ཟེར། 

པེད་ཏིན་གྱིས་ཚེས་བཅུ་གསུམ་ཉིན་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་ཁ་པར་གྲོས་མོལ་བྱས་ཏེ། ཨ་མེ་རི་ཁའི་སྲིད་གཞུང་གིས་ཝུའུ་ཁི་ལན་ལ་རིན་ཐང་མེ་སྒོར་དུང་ཕྱུར་བརྒྱད་ཀྱི་མཚོན་ཆ་སོགས་དང་བདེ་འཇགས་རོགས་སྐྱོར་གཞན་པ་འདོན་སྤྲོད་བྱེད་པར་ཆོག་མཆན་འགོད་རྒྱུ་ཡིན་པའི་ཚུལ་བསྟན། དེའི་སྔོན་ཝུའུ་ཁི་ལན་ལ་འདོན་སྤྲོད་བྱས་པའི་མཚོན་ཆ་ལས་གཞན། ཨ་མེ་རི་ཁས་སྐོར་ཐེངས་གསར་བར་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པ་ལ་མེ་སྒྱོགས་མ་ལག་དང་། སྒྱོགས་མདེལ། ཁྲབ་ལྡན་དམག་འདྲེན་རླངས་འཁོར། གྱེན་འཕུར་གནམ་གྲུ་སོགས་འདུས། 

ཙེ་ལེན་སི་ཅི་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་གསལ་སྒྲོག་སྤེལ་ཏེ། ཁོ་དང་པེད་ཏིན་གཉིས་ཀྱིས་ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་དམག་ཆས་འདོན་སྤྲོད་བྱེད་པ་དང་ཆེ་མཐོང་ནོར་སྲིད་ཀྱི་རྒྱབ་སྐྱོར་གང་ལེགས་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས་པ་ཡིན་ལ། ཕྱོགས་གཉིས་ཀྱིས་ཨུ་རུ་སིའི་བཀག་སྡོམ་ལ་ཤུགས་སྣོན་པར་ཡིད་འཐད་བྱུང་། 

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཙེ་ལེན་སི་ཅི་ཡིས་ཚེས་བཅུ་གསུམ་ཉིན་ཅི་ཧྥུའུ་ནས་འཚམས་འདྲིར་ཡོང་བའི་ཕོ་ལན་དང་ལི་ཐའོ་ཝན། ལཱ་ཐའོ་ཝེ་ཡཱ། ཨེ་སོ་ནི་ཡཱ་བཅས་རྒྱལ་ཁབ་བཞིའི་ཙུང་ཐུང་དང་གྲོས་མོལ་བྱས། ཙེ་ལེན་སི་ཅི་ཡིས་དེའི་རྗེས་ཀྱི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཕོ་ལན་དང་པའོ་ལོ་ཏི་མཚོ་ཁོངས་རྒྱལ་ཁབ་དག་གིས་ནམ་རྒྱུན་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པ་དང་། ཝུའུ་ཁི་ལན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཚང་མའི་བར་མཛའ་མཐུན་དང་རྣམ་དག སྒོ་འབྱེད་བཅས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྲུང་འཛིན་བྱེད་འདོད་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། མིག་སྔར་བལྟས་ན་ཝུའུ་ཁི་ལན་གྱི་མངའ་ཁོངས་ཧྲིལ་བོ་ནས་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་མི་སྲིད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨུ་རུ་སི་ལ་གྲོས་གཞི་འགའ་བཏོན་ཡོད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱི་ལན་སྟེར་བར་སྒུག་ཡོད། གྲོས་གཞི་དེ་དག་ཝུའུ་ཁི་ལན་གྱི་ས་གནས་བྱེ་བྲག་པའི་འཁྲུག་རྩོད་མཚམས་འཇོག་པ་དང་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ། མི་སྣའི་ཕྱི་འཐེན་རྐྱེན་སྲོལ་སོགས་ལ་འབྲེལ་ཡོད། དེ་ལས་གཞན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན། དེ་མིན་མི་ཆོས་རྒུད་སྐྱོབ་ལས་ཁུངས་ཀྱིས་ཚན་ཆུང་བཙུགས་ནས་མཉམ་དུ་མི་ཆོས་ལས་དོན་ལ་དོ་དམ་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད། །


རྩོམ་སྒྲིག་པ། : བདེ་ལེགས་མཚོ།