ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་ཝེ་ཡེ་ནཱའི་གྲོས་མོལ་མཚམས་བཞག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

པར་འདི་ནི་ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་ཨོ་སི་ཁྲུ་རི་ཡཱའི་ཝེ་ཡེ་ནཱ་ནས་བླངས་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གྲོས་མོལ་སྤེལ་སའི་ཚོགས་རའི་ཕྱིའི་རྣམ་པ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ཡིས་ཚེས་བཅུ་གཅིག་ཉིན་སྨྱན་བྱད་བརྒྱུད་དེ་ཁྱབ་བསྒྲགས་བྱས་དོན། ཝེ་ཡེ་ནཱ་ནས་སྤེལ་བཞིན་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གྲོས་མོལ་གནས་སྐབས་སུ་མཚམས་བཞག་ཡོད་ཟེར། 

པའོ་ལོས་ལེ་ཡིས་བསྟན་དོན། ཨ་མེ་རི་ཁ་དང་དབྱི་ལིང་གིས་གྲོས་མཐུན་ལག་བསྟར་སླར་གསོ་བྱེད་པའི་ཆེས་མཇུག་མཐའི་ཡིག་ཆ་དེ་ཕལ་ཆེར་གྲ་སྒྲིག་ཚགས་སུ་ཆུད་ཡོད་ཀྱང་། ཕྱི་ཕྱོགས་ཀྱི་རྒྱུ་རྐྱེན་དབང་གིས་ཝེ་ཡེ་ནཱའི་གྲོས་མོལ་གནས་སྐབས་སུ་མཚམས་འཇོག་དགོས། ཁོ་རང་མཐུན་སྦྱོར་བ་ཡིན་པའི་ཆ་ནས་རང་གི་ཚོགས་ཁག་དང་མཉམ་དུ་མུ་མཐུད་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གྲོས་ཞུགས་མཁན་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་འདྲིས་ཟུང་འཛིན་བྱས་ཏེ། མིག་སྔའི་དཀའ་ཁག་ཁྱད་དུ་བསལ་ནས་གྲོས་མཐུན་འགོད་དུ་འཇུག་དགོས་ཟེར། 

ཝེ་ཡེ་ནཱ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྲོས་མོལ་གྱི་བྱེ་བྲག་གི་འགན་ཁུར་བའི་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔོན་རིགས་མའོ་ལཱ་ཡིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། འཐུས་ཚབ་ཚོགས་པ་ཚང་མས་གྲོས་མོལ་བྱེད་སྐབས་མཐུན་སྦྱོར་གྱི་སྙིང་སྟོབས་མངོན་པར་བྱས་པ་དང་། དབྱི་ལིང་དང་ཨ་མེ་རི་ཁས་གྲོས་མོལ་བྱེད་སྐབས་འཛུགས་སྐྲུན་རང་བཞིན་ལྡན་པའི་རྣམ་འགྱུར་བཟང་བོ་བསྟན་ཡོད་ཟེར། ཁོས་བསྟན་དོན། གྲོས་མོལ་དེ་མི་འགྱངས་པར་སླར་གསོ་བྱེད་ཐུབ་ངེས་རེད་ཟེར། 

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་བཅུ་གཅིག་ཉིན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་ཝེ་ཡེ་ནཱའི་གྲོས་མོལ་མཚམས་བཞག་པ་ཁས་ལེན་བྱས། ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཉིན་དེར་སྨྱན་བྱད་བརྒྱུད་དེ་བསྟན་དོན། གྲོས་མོལ་མཚམས་བཞག་པ་ལས་ལྷག་འཕྲོའི་གནད་དོན་ཐག་གཅོད་བྱེད་པར་སྒུལ་ཤུགས་འདོན་སྤྲོད་བྱེད་ཐུབ་ལ། ཕྱི་ཕྱོགས་ཀྱི་རྒྱུ་རྐྱེན་གང་རུང་གིས་ཐུན་མོང་གྲོས་མཐུན་ལ་སྐུལ་འདེད་གཏོང་བའི་ཐུན་མོང་གི་རེ་འདུན་ལ་ཤུགས་རྐྱེན་ཐེབས་མི་སྲིད་ཟེར། 

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚེས་བཅུ་ཉིན་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་བཏོན་པའི་རེ་བ་གསར་བར་ལུགས་མཐུན་གྱི་རྒྱུ་མཚན་མེད་པ་དང་། ཨ་མེ་རི་ཁས་ཝེ་ཡེ་ནཱ་ནས་མྱུར་མོར་གྲོས་མཐུན་འགོད་པར་རེ་བའི་འདོད་བློ་དང་རྒྱབ་འགལ་དུ་སོང་ཡོད་པས། གནད་དོན་གཙོ་བོ་ཐག་གཅོད་བྱེད་པ་དང་ཕན་ནུས་ལྡན་པའི་སྒོ་ནས་བཀག་སྡོམ་མེད་པར་གཏོང་བར་ཨ་མེ་རི་ཁའི་ཚད་ལས་བརྒལ་བའི་རེ་བའི་ཤུགས་རྐྱེན་ཐེབས་མི་རུང་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།