ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨ་སེ་པེད་ཅང་གིས་མནའ་འབྲེལ་རོགས་ལས་ཀྱི་བསྒྲགས་གཏམ་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཉིས་ཉིན་ཁི་ལི་མུའུ་ལིན་ཕོ་བྲང་ནས་འཚམས་འདྲིར་ཡོང་བའི་ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་དང་ཨ་སེ་པེད་ཅང་སྤྱི་མཐུན་རྒྱལ་ཁབ་ཀྱི་མནའ་འབྲེལ་རོགས་ལས་ཀྱི་བསྒྲགས་གཏམ་བཀོད། 

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཉིན་དེར་གྲོས་མོལ་གྱི་མཇུག་འབྲས་ཐད་ནས་གསལ་སྒྲོག་སྤེལ་ཟེར། ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་དང་ཨ་སེ་པེད་ཅང་གིས་ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བའི་སྐབས་སུ་མནའ་འབྲེལ་རོགས་ལས་ཀྱི་བསྒྲགས་གཏམ་བཀོད་པ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་རིམ་གསར་བ་ཞིག་ཏུ་བསླེབས་ཡོད་པ་མཚོན་ཡོད་ཟེར། འདས་པའི་ལོ་འགའི་རིང་ལ། ཨུ་རུ་སི་དང་ཨ་སེ་པེད་ཅང་གི་མཉམ་ལས་ལ་མངོན་གསལ་གྱིས་ཤུགས་སྣོན་ཐོབ་པ་དང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར། མི་ཆོས་རིང་ལུགས་བཅས་ཁྱབ་ཁོངས་སུ་བྱེ་བྲག་གི་གཉིས་ཕན་མཉམ་ལས་ལས་གཞི་མང་བོ་སྤེལ། ཕྱོགས་གཉིས་ཀྱིས་ཁྱིམ་མཚེས་མཛའ་མཐུན་དང་ཕན་ཚུན་བརྩི་འཇོག ཕན་ཚུན་གྱི་ཁེ་ཕན་ལ་བསམ་བློ་གཏོང་བ་བཅས་ཀྱི་རྨང་གཞིའི་སྟེང་ངེས་པ་དོན་གྱི་མནའ་འབྲེལ་རོགས་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བརྩོན་བཞིན་ཡོད་ཟེར། 

ཨ་ལེ་ཡེ་ཧྥུའུ་ཡིས་བཤད་རྒྱུར། མནའ་འབྲེལ་རོགས་ལས་ཀྱི་བསྒྲགས་གཏམ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་མནའ་འབྲེལ་གྱི་རིམ་པར་མཐོར་འདེགས་གཏོང་ཐུབ་ཅིང་། དེ་ནི་ཁྱད་དབང་ཡིན་ལ་འགན་འཁྲིའང་ཡིན། ཨ་སེ་པེད་ཅང་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་དུས་ཡུན་རིང་བོར་མཉམ་ལས་འཕེལ་རྒྱས་སུ་གཏོང་བའི་སྦས་ཤུགས་སྔོག་འདོན་བྱས་ཏེ་ཁྱིམ་མཚེས་མཛའ་མཐུན་དང་དངོས་གཉེར་མཉམ་ལས། གཉིས་ཕན་གཉིས་རྒྱལ་བཅས་ཀྱི་ལྷག་བསམ་རྣམ་དག་གི་འབྲེལ་བ་འཛུགས་པར་བརྩོན་བཞིན་ཡོད་ཟེར། 

སྤྱི་སྒྲོག་ལས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གྲོས་མོལ་བྱེད་སྐབས་ད་རུང་ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱའི་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་བ་དང་། ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་གནད་དོན་ལ་གྲོས་བསྡུར་བྱས། ཕུའུ་ཅིན་གྱིས་བསྟན་དོན། ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ། ཨུ་རུ་སི་བཅས་ཀྱིས་ནཱ་ཁཱ་གནད་དོན་ཐད་ནས་བཀོད་པའི་ཕྱོགས་གསུམ་གྱི་གྲོས་མཐུན་ལག་བསྟར་གང་ལེགས་བྱེད་པར་འགན་སྲུང་བྱེད་དགོས། ནཱ་ཁཱ་ས་ཁུལ་ཞི་བདེའི་ལམ་དུ་བསྐྱོད་པ་དང་ཡུལ་གྱར་བ་དག་ཕྱིར་རང་ཁྱིམ་དུ་ལོག་བཞིན་ཡོད་ལ། དཔལ་འབྱོར་རྨང་གཞིའི་སྒྲིག་ཆས་ཀྱང་བསྐྱར་འཛུགས་བྱེད་བཞིན་ཡོད་པ་དང་། ལོ་རྒྱུས་དང་ཆོས་ལུགས། རིག་གནས་སོགས་ལ་སྲུང་སྐྱོབ་བྱེད་པའི་གནད་དོན་རིམ་བཞིན་ཐག་གཅོད་ཐོབ་ཡོད་ཟེར། 

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་ཝུའུ་ཁི་ལན་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།