ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངགས་ཕོ་ཉས་ཟླ་གསུམ་པར་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྐོར་ཐེངས་གསར་པའི་གྲོས་ཚོགས་བསྡུ་བའི་རེ་བ་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཕའེ་ཁའེ་རོའུ་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཟླ་གསུམ་པར་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚན་ཆུང་གྲོས་ཚོགས་ཐེངས་བདུན་པ་འཚོག་པར་རེ་བ་ཆེན་པོ་ཡོད་ཟེར། 

ཕའེ་ཁའེ་རོའུ་ཡིས་ཉིན་དེར་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་མཱེ་ཁི་ཏཱ་ཏི་དང་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཁོ་རང་ད་ལོའི་ཟླ་གསུམ་པར་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚན་ཆུང་གྲོས་ཚོགས་ཐེངས་བདུན་པ་འཚོག་པར་རེ་བས་ཁེངས་ཡོད་པ་དང་། ཕྱོགས་སོ་སོས་སྐོར་ཐེངས་གསར་བའི་གྲོས་ཚོགས་སྔོན་གྱི་ཉིན་བཞིའི་ཉིན་རིམ་བཀོད་སྒྲིག་ལ་གྲོས་འཆམ་བྱུང་ཡོད། ཁོས་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་སོགས་ཕྱོགས་སོ་སོའི་འཐུས་མི་དང་མཉམ་དུ་མུ་མཐུད་དུ་གྲོས་བསྡུར་བྱེད་རྒྱུ་མ་ཟད། མཇུག་མཐར་ཚོགས་ཞུགས་ཕྱོགས་ཁག་སོ་སོར་གདན་ཞུ་བྱེད་རྒྱུ་ཡིན་ཟེར། 

ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན། ཚོགས་ཡུན་ཉིན་ལྔ་ཡིན་པའི་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚན་ཆུང་གྲོས་ཚོགས་ཐེངས་དྲུག་པ་སུའེ་ཙེར་གྱི་རི་ནེ་ཝ་ནས་མཇུག་སྒྲིལ་བ་དང་། གྲོས་ཚོགས་ནས་སྔོན་དཔག་གི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།