ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་གྱིས་མུ་མཐུད་དུ་སི་རི་ཡཱའི་ཕྱོགས་ཀྱིས་མངའ་ཁོངས་ཧྲིལ་བོའི་བདག་དབང་ཕྱིར་འཕྲོག་ལེན་བྱེད་པར་རོགས་རམ་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་ཚེས15ཉིན་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་དང་གྲོས་མོལ་བྱས། ཧྲའོ་དབྱེ་ཀུའུ་ཡིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་སི་རི་ཡཱའི་ཕྱོགས་ཀྱིས་མངའ་ཁོངས་ཧྲིལ་བོའི་བདག་དབང་ཕྱིར་འཕྲོག་ལེན་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་པར་མ་ཟད། སི་རི་ཡཱའི་མི་དམངས་ཀྱིས་བཀག་སྡོམ་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཁྱད་དུ་སེལ་བར་རོགས་རམ་བྱེད་རྒྱུ་ཡིན་ཟེར། 

བསྒྲགས་པ་ལྟར་ན། གྲོས་མོལ་གྱི་ནང་དོན་དེ་སི་རི་ཡཱ་དང་ཨུ་རུ་སིའི་དམག་དཔུང་བར་གྱི་མཉམ་ལས་ལ་འབྲེལ་ཡོད་པ་དང་། ཁྱད་པར་དུ་འཇིགས་སྐུལ་ངོ་རྒོལ་གྱི་གྲོས་གཞིར་འབྲེལ་ཡོད། ཧྲའོ་དབྱེ་ཀུའུ་ཡིས་པཱ་ཧྲ་ཨར་ལ་ཨུ་རུ་སིའི་དམག་དཔུང་གི་གྲུ་གཟིངས་རུ་ཁག་གིས་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཐཱ་ཨར་ཐུའུ་སི་གྲུ་ཁ་ནས་མགོ་བརྩམས་པའི་མཚོ་ཐོག་གི་དམག་དོན་སྦྱོང་བརྡར་གྱི་གནས་ཚུལ་མཚམས་སྦྱོར་བྱས། ཧྲའོ་དབྱེ་ཀུའུ་ཡིས་ནན་གྱིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་མངའ་ཁོངས་ཧྲིལ་བོའི་བདག་དབང་ཕྱིར་འཕྲོག་ལེན་བྱེད་རག་བར་མུ་མཐུད་དུ་སི་རི་ཡཱའི་བར་མཉམ་ལས་བྱེད་རྒྱུ་ཡིན་ལ། ཨུ་རུ་སིའི་ཕྱོགས་ཀྱིས་ད་རུང་མུ་མཐུད་དུ་སི་རི་ཡཱའི་མི་དམངས་ཀྱིས་འདྲ་མཉམ་དང་དྲང་བདེན་མིན་པའི་བཀག་སྡོམ་ལས་བྱུང་བའི་ཤུགས་རྐྱེན་ཁྱད་བསལ་བྱེད་པར་རོགས་འདེགས་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།