ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་མང་ཚོགས་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ་ཨ་མེ་རི་ཁས་ཨ་ཧྥུའུ་ཧན་གྱི་རྒྱུ་ནོར་འཕྲོག་ལེན་བྱས་པར་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁཱ་པོར་གྱི་མང་ཚོགས་སྟོང་ཕྲག་མང་བོས་ཚེས་བཅོ་ལྔ་ཉིན་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ། ཨ་མེ་རི་ཁས་ཨ་ཧྥུའུ་ཧན་གྱི་རྒྱུ་ནོར་འཕྲོག་ལེན་བྱས་པར་ངོ་རྒོལ་བྱས་པ་དང་། ཨ་མེ་རི་ཁའི་བྱ་སྤྱོད་དེ་ནི་མངོན་སུམ་འཛེམ་མེད་ཀྱི་རྐུ་འཕྲོག་བྱ་སྤྱོད་ཡིན་པར་རྒོལ་གཏམ་བཏང་། 

རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་མཁན་གྱི་ཡ་གྱལ། ཨ་ཧྥུའུ་ཧན་དངུལ་ལོར་བརྗེ་སྤོར་གྲོས་མོལ་ཚོགས་པའི་འགན་ཁུར་བ་སཱ་ཧྥེ་ཡིས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་གྲོང་ཁྱེར་ཆེན་མོ་སོ་སོར་ཉིན་དེར་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་བ་རེད་ཟེར། 

ཁཱ་པོར་གྱི་རྔམ་སྟོན་ཁྲོམ་སྐོར་བྱེད་པའི་མང་ཚོགས་ཀྱིས་ཁྲོམ་སྐོར་བྱེད་སྐབས་ཨ་མེ་རི་ཁས་ཨ་ཧྥུའུ་ཧན་བརླགས་པ་དང་ཨ་མེ་རི་ཁས་ཨ་ཧྥུའུ་ཧན་གྱི་རྒྱུ་ནོར་ཕྱིར་སྤྲོད་དགོས་ལ་སོགས་པའི་འཕྲེད་བྱང་བཟུང་ཡོད། 

རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་གྱིས་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པའི་ཚུལ་བསྟན་པ་དང་། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་འབྲེལ་ཡོད་ཀྱི་སྲིད་འཛིན་བཀའ་རྒྱ་རྩིས་མེད་དུ་བཏང་སྟེ། བཀག་འཇོག་བྱས་པའི་ཨ་ཧྥུའུ་ཧན་གྱི་རྒྱུ་ནོར་ཕྱིར་སྤྲོད་དགོས་པའི་རེ་བ་བཏོན། རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་གྱིས་ཨ་མེ་རི་ཁས་ཨ་ཧྥུའུ་ཧན་གྱི་རྒྱུ་ནོར་ཕྱིར་སྤྲོད་རག་བར་མུ་མཐུད་དུ་ངོ་རྒོལ་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བཅུ་གཅིག་ཉིན་སྲིད་འཛིན་བཀའ་རྒྱ་བཀོད་དེ། བཀག་འཇོག་བྱས་པའི་ཨ་ཧྥུའུ་ཧན་ཀྲུང་དབྱང་དངུལ་ཁང་གི་ཨ་མེ་རི་ཁར་ཡོད་པའི་རྒྱུ་ནོར་གྱི་ཕྱེད་ཀ་ཟླ་དགུ་བའི་ཚེས་དགུ་ཉིན་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་གྱི་གནོད་ཐེབས་མཁན་ལ་སྐྱིན་ཚབ་སྤྲོད་པའི་ཐད་བཀོལ་རྒྱུའི་འཆར་གཞི་ཡོད་ཟེར། ཨ་ཧྥུའུ་ཧན་སོགས་རྒྱལ་ཁབ་མང་བོས་དོན་དེར་རྒོལ་གཏམ་དྲག་པོ་བཏང་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།