ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་མུ་མཐུད་དུ་བདེ་འཇགས་འགན་སྲུང་གནད་དོན་ཐད་ནས་གྲོས་མོལ་བྱེད་པར་དགོས་གལ་ཆེ་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅོ་ལྔ་ཉིན་དུས་བཅད་ལྟར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་ཁ་པར་བཏང་སྟེ། མུ་མཐུད་དུ་བདེ་འཇགས་འགན་སྲུང་གནད་དོན་ཐད་ནས་གྲོས་མོལ་བྱེད་པར་དགོས་གལ་ཆེ་བ་ནན་གྱིས་བསྟན། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཁ་པར་གཏོང་སྐབས་བསྟན་དོན། ཨ་མེ་རི་ཁ་དང་དེའི་མནའ་མཐུན་གྲོགས་པོས་ངན་སྐུལ་བྱས་པའི་བཙན་འཛུལ་རང་བཞིན་གྱི་གཏམ་སྤྱོད་དེ་དང་ལེན་བྱེད་ཐབས་མེད་ཟེར། ཁོས་མུ་མཐུད་དུ་བདེ་འཇགས་འགན་སྲུང་ཐད་ནས་མཉམ་འབྲེལ་བྱ་བ་སྤེལ་བར་དགོས་གལ་ཆེ་བ་ནན་གྱིས་བསྟན་པ་དང་། ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིས་བདེ་འཇགས་འགན་སྲུང་ཐད་བཏོན་པའི་གནད་དོན་རབ་དང་རིམ་པར་ཟོལ་མེད་ཀྱི་རྣམ་འགྱུར་འཛིན་དགོས་པའི་འབོད་སྐུལ་བཏང་། 

ཕྱོགས་གཉིས་ཀྱིས་ཁ་པར་གྲོས་མོལ་བྱེད་སྐབས་ད་རུང་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་རིམ་པ་སོ་སོའི་འབྲེལ་འདྲིས་བཀོད་སྒྲིག་ལ་གྲོས་བསྡུར་བྱས། 

གཞན་ཡང་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། པུའུ་ལིན་ཁུན་གྱིས་ཁ་པར་གཏོང་སྐབས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨུ་རུ་སིས་ཉམས་སད་ཐེག་པ་དང་ཡིད་རྟོན་རུང་བ། དོན་སྙིང་ལྡན་པའི་སྒོ་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་སྣང་ཚུལ་མཐོང་དགོས་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་མུ་མཐུད་དུ་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་འཚོལ་ཞིབ་བྱེད་རྒྱུ་ཡིན་པ་དང་། ཞི་བའི་ཐབས་ཀྱིས་ཉམས་ཉེན་ཞི་འཇགས་སུ་གཏོང་བའི་སྒོ་གླེགས་སྔར་བཞིན་ཡངས་པོར་ཕྱེས་ཡོད་པར་འདོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།