ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་རྟོག་ཞིབ་ཚན་ཆུང་གིས་འཇར་པན་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུའི་གནད་དོན་ལ་ཞིབ་བཤེར་བྱེད་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་རྟོག་ཞིབ་ཚན་ཆུང་གིས་ཚེས་བཅུ་བཞི་ཉིན་ནས་བཟུང་འཇར་པན་ནས་ཐག་གཅོད་བྱས་རྗེས་ཀྱི་ཧྥུའུ་ཏའོ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དང་པོའི་ཉིང་རྡུལ་བཙོག་ཆུའི་བདེ་འཇགས་རང་བཞིན་གྱི་གནད་དོན་ལ་ཞིབ་བཤེར་བྱེད་མགོ་བརྩམས་པ་དང་། ད་ལོར་དུས་ཡུན་འབྲིང་གི་རྟོག་ཞིབ་སྙན་ཞུ་ཞིག་ལེགས་སྒྲིག་བྱེད་པའི་འཆར་གཞི་ཡོད། 

འཇར་པན་དཔལ་འབྱོར་ཐོན་ལས་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་རྟོག་ཞིབ་ཚན་ཆུང་དེ་ཀྲུང་གོ་དང་ཧན་གོ་སོགས་རྒྱལ་ཁབ་བཅོ་ལྔ་ནས་ཡོང་བའི་ཆེད་མཁས་པ་བཅོ་ལྔས་གྲུབ་ཡོད་ལ། རྟོག་ཞིབ་ཚན་ཆུང་གིས་ཚེས་བཅུ་བཞི་ཉིན་ནས་བཟུང་འཇར་པན་གྱི་དཔལ་འབྱོར་ཐོན་ལས་པུའུ་དང་ཏུང་ཅིང་གློག་ཤུགས་ཀུང་ཟི་སོགས་ལས་ཁུངས་ལ་འཚམས་འདྲི་བྱེད་རྒྱུ་ཡིན་ལ། ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དྲུག་ཉིན་ཧྥུའུ་ཏའོ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དང་པོའི་ཡུལ་དངོས་སུ་སོང་ནས་རྟོག་ཞིབ་བྱེད་རྒྱུ་རེད། དེའི་རྗེས་སུ་རྟོག་ཞིབ་ཚན་ཆུང་གིས་ཚེས་བཅོ་བརྒྱད་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ་ཐེངས་འདིའི་རྟོག་ཞིབ་ཀྱི་འབྲེལ་ཡོད་གནས་ཚུལ་གསལ་བཤད་བྱེད་རྒྱུ་རེད་ཟེར། 

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་རྟོག་ཞིབ་ཚན་ཆུང་གིས་ཉིས་སྟོང་ཉེར་གཅིག་ལོའི་ལོ་མཇུག་ཏུ་འཇར་པན་ལ་རྟོག་ཞིབ་བྱེད་རྒྱུའི་འཆར་གཞི་ཡོད་ཀྱང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་ད་ལྟའི་བར་རྗེས་སུ་སྣུར་བ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།