ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20220214100243r0yb.jpg

པར་འདི་ནི་ཟླ་དང་པོའི་ཚེས་བཅུ་དགུ་ཉིན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཅི་ཧྥུའུ་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་དང་གྲོས་མོལ་བྱེད་པའི་རྣམ་པ་རེད། 

20220214100259sEPa.jpg

ཉིས་སྟོང་ཉེར་གཅིག་ལོའི་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་སུའེ་ཙེར་གྱི་རི་ནེ་ཝའི་ལཱ་ཀི་ལིང་རི་གཞིས་ཀ་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་གཉིས་ཉིན་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་བཅུ་གཉིས་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་གི་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཨུ་རུ་སི་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་ཁ་པར་གྲོས་མོལ་མཇུག་སྒྲིལ་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཐེངས་འདིའི་གྲོས་མོལ་སྤྱི་ཕྱོགས་ནས་ཆ་སྙོམས་དང་དོན་དངོས་ལ་མཐུན་པ་ཞིག་རེད་ཟེར། ཁ་པར་གྲོས་མོལ་དེ་ཨ་མེ་རི་ཁ་ཕྱོགས་ཀྱིས་གྲོས་གཞི་བཏོན་པ་ལྟར་སྤེལ་བ་ཡིན་ཞིང་། ཨ་མེ་རི་ཁའི་དཔོན་རིགས་ཀྱིས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་ལ་བཙན་འཛུལ་བྱེད་སྲིད་པར་བརྗོད་པའི་སྣང་ཚུལ་ཁྲོད་སྤེལ་བ་རེད། ཁོས་བཤད་རྒྱུར། ཨ་མེ་རི་ཁའི་མིས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་ལ་བཙན་འཛུལ་བྱེད་སྲིད་པར་བཤད་པ་དང་བཙན་འཛུལ་གྱི་དུས་ཚོད་ཁྱབ་བསྒྲགས་བྱས་ཡོད་ལ། དེའི་ཞོར་དུ་མནའ་མཐུན་རྒྱལ་ཁབ་དག་དང་མཉམ་དུ་ཝུའུ་ཁི་ལན་གྱི་དམག་དོན་སྟོབས་ཤུགས་ཇེ་ཆེར་བཏང་ཡོད་ཟེར། 

ཝུའུ་ཧྲ་ཁི་ཧྥུའུ་ཡིས་མཚམས་སྦྱོར་བྱས་དོན། ཕུའུ་ཅིན་གྱིས་ཁ་པར་གཏོང་སྐབས་ནན་གྱིས་བསྟན་དོན། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་གྱིས་མེན་སི་ཁིའི་གྲོས་མཐུན་གྱི་གཏན་འཁེལ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བའི་ཐད་དགོས་ངེས་ཀྱི་གནོན་ཤུགས་བྱིན་མེད་ཟེར། ཁོས་བཤད་རྒྱུར། ཝུའུ་ཁི་ལན་དུ་དམག་དོན་ཅན་གྱི་ཉེན་ཁ་ཡོད་ཅིང་། ནུབ་ཕྱོགས་རྒྱལ་ཁབ་དག་གིས་བསམ་བཞིན་དུ་དེང་རབས་མཚོན་ཆ་བེད་སྤྱོད་དེ་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱས་ཏེ། ཝུའུ་ཁི་ལན་གྱི་ཏོན་པཱ་སི་དང་ཁི་ལི་མུས་ཡཱ་ས་ཁུལ་དུ་དཀྲུག་འཕེན་བྱ་སྤྱོད་སྤེལ་བར་སྐུལ་འདེད་གཏོང་བཞིན་ཡོད་ཟེར། 

ཝུའུ་ཧྲ་ཁི་ཧྥུའུ་ཡིས་མཚམས་སྦྱོར་བྱས་དོན། པེད་ཏིན་གྱིས་ཁ་པར་གཏོང་སྐབས་ཕུའུ་ཅིན་ལ་བསྟན་དོན། ཨ་མེ་རི་ཁ་དང་ཨུ་རུ་སི་ནི་འགྲན་ཡར་ལངས་པའི་རྒྱལ་ཁབ་ཆེན་མོ་གཉིས་ཡིན་ཡང་། ངེས་པར་དུ་རང་ནུས་ཅི་ལྕོགས་ཀྱིས་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ལ། ཝུའུ་ཁི་ལན་གྱི་མིག་སྔའི་གནས་བབ་འོག་ཛ་དྲག་གི་གནས་ཚུལ་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར། པེད་ཏིན་གྱིས་ཕུའུ་ཅིན་ལ་ཨ་མེ་རི་ཁའི་ཨུ་རུ་སི་ཡིས་དེའི་སྔོན་བཏོན་པའི་བདེ་འཇགས་འགན་སྲུང་གྲོས་གཞིའི་ཐད་ཀྱི་འདོད་ཚུལ་བསྟན་ཀྱང་། ཁོས་ཨུ་རུ་སིའི་ཕྱོགས་ཀྱི་སེམས་ཁུར་ཆེན་མོར་བསམ་བློ་བཏང་མེད། ཨུ་རུ་སི་ཡིས་པེད་ཏིན་གྱི་བསམ་འཆར་ལ་ཉམས་སད་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱི་ཨུ་རུ་སིའི་བདེ་འཇགས་འགན་སྲུང་གྲོས་གཞིའི་ལན་ལ་དམིགས་ཏེ་དགོས་ངེས་ཀྱི་རྣམ་འགྱུར་སྟོན་ངེས་ཡིན་ཟེར། 

ཝུའུ་ཧྲ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་ཁ་པར་གྲོས་མོལ་བྱེད་སྐབས་བཏོན་པའི་གནད་དོན་ཚང་མའི་ཐད་ནས་རིམ་པ་སོ་སོས་འབྲེལ་འདྲིས་བྱེད་པར་ཡིད་འཐད་བྱུང་། 

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་བཅུ་གཉིས་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། པེད་ཏིན་གྱིས་ཁ་པར་གཏོང་སྐབས་ཕུའུ་ཅིན་ལ་བསྟན་དོན། གལ་ཏེ་ཨུ་རུ་སི་ཡིས་ཝུའུ་ཁི་ལན་ལ་བཙན་འཛུལ་བྱས་ན། ཨ་མེ་རི་ཁ་དང་དེའི་མནའ་མཐུན་གྲོགས་པོས་མཐའ་གཅིག་ཏུ་རྒོལ་ལན་སྤྲད་དེ་ཨུ་རུ་སི་ལ་རིན་དོད་ཆེན་པོ་གཏོང་དུ་འཇུག་སྲིད་ཟེར། པེད་ཏིན་གྱིས་བཤད་རྒྱུར། ཨ་མེ་རི་ཁས་མནའ་མཐུན་དང་གྲོགས་པོའི་བར་གྲོས་མོལ་གང་ལེགས་བྱེད་རྒྱུ་ཡིན་པ་དང་། ཨུ་རུ་སིའི་བར་ཕྱི་འབྲེལ་གྱི་འབྲེལ་འདྲིས་བྱེད་པར་གྲ་སྒྲིག་བྱས་ཡོད་ལ། ཞོར་དུ་གནས་བབ་གཞན་པར་ཡང་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་དེར་ཝུའུ་ཁི་ལན་དུ་གནས་སྐོར་ལ་འགྲོ་བའི་གྲོས་གཞི་གསར་བསྒྱུར་བྱས་ཏེ། ཝུའུ་ཁི་ལན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་སྲིད་གཞུང་ལས་བྱེད་མི་སྣ་སྐོར་ཞིག་གཞུང་ཚབ་ཁངཡོད་སའི་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནས་ཕྱིར་འཐེན་བྱེད་དགོས་པའི་བཀའ་རྒྱ་བཏང་བར་མ་ཟད། ཨ་མེ་རི་ཁའི་སྤྱི་དམངས་དག་མྱུར་མོར་ཝུའུ་ཁི་ལན་ནས་ཕྱིར་འཐེན་བྱེད་དགོས་པའི་སྐུལ་མ་བཏང་། 

ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར། ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱིས་སོ་སོར་ཁ་པར་གྲོས་མོལ་བྱས་ཏེ་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨོ་སི་ཏེན་གྱིས་ཝུའུ་ཁི་ལན་གྱི་དམག་དོན་སྦྱོང་བརྡར་ལ་རོགས་འདེགས་བྱེད་པའི་ཨ་མེ་རི་ཁའི་རྒྱལ་དམངས་ཉེན་སྲུང་རུ་མི་བརྒྱ་དང་དྲུག་ཅུ་ཕྱིར་འཐེན་བྱེད་དགོས་པའི་བཀའ་རྒྱ་བཏང་། ཚེས་བཅུ་གཅིག་ཉིན། ཨོ་སི་ཏེན་གྱིས་ད་རུང་ཨ་མེ་རི་ཁའི་ཁཱ་ལོ་ལའེ་ནཱ་བྱང་མ་མངའ་སྡེའི་པུའུ་ལཱ་ཀི་བཙན་རྫོང་གི་སྐམ་དམག་རྟེན་གཞིར་བཅའ་སྡོད་བྱེད་པའི་ཨ་མེ་རི་ཁའི་དམག་མི་སྟོང་གསུམ་ཙམ་ཕོ་ལན་དུ་བཀོད་སྒྲིག་བྱས་ཏེ། བྱང་ཆིངས་རྩ་འཛུགས་ཀྱི་ཡོ་རོབ་གླིང་གི་འགོག་སྲུང་ནུས་པར་ཤུགས་སྣོན་བྱེད་རྒྱུའི་བཀའ་རྒྱ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།