ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་གྱི་ཝ་ཧྥ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཚེས་དྲུག་ཉིན་ལཱ་མུའུ་ཨན་ལཱ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས་གྲོས་ཚོགས་ཐེངས་སོ་གཅིག་པ་བསྡུས་པ་དང་། བསྡོམས་པས་ཆབ་སྲིད་ཕྱོགས་ཁག་བདུན་གྲོས་ཚོགས་ལ་ཞུགས། 

དེ་ནི་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ལོ་ངོ་བཞིའི་ནང་ཐོག་དང་པོར་གྲོས་ཚོགས་བསྡུས་པ་རེད། ཚོགས་ཡུན་ཉིན་གཉིས་ཡིན་པའི་གྲོས་ཚོགས་ནས་ཕཱ་ལེ་སི་ཐན་གྱི་མདུན་དུ་ལྷགས་པའི་དཀའ་ཁག་དང་དབྱི་སི་རལ་བར་གྱི་འབྲེལ་བ་སོགས་གྲོས་རིམ་བཅུ་གཉིས་ལ་གྲོས་བསྡུར་བྱེད་རྒྱུ་རེད། 

ཉིན་དེའི་དགོང་མོར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད་སྤེལ་ནས། ཕཱ་ལེ་སི་ཐན་གྱི་མགོ་ཁྲིད་པས་ཚད་མཐོན་པོའི་སྒོ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྩོལ་བ་དང་ལེན་དང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱས་པའི་རྨང་གཞིའི་སྟེང་། དབྱི་སི་རལ་བར་གྱི་འབྲེལ་བའི་སྐོར་གྱི་གདམ་གསེས་ཡོད་ཚད་ལ་ཞིབ་འཇུག་བྱེད་དགོས་ཟེར། 

ཨ་པཱ་སི་ཡིས་ན་ནིང་ལོ་མཇུག་ཏུ་དབྱི་སི་རལ་དུ་འཚམས་འདྲི་བྱས་པ་དང་། དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ཀན་ཚི་དང་གྲོས་མོལ་བྱས་པར་ངོ་རྒོལ་གྱི་སྐད་ཆ་མང་བོ་ཐོས་ཡོད། 

ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ནི་རྒྱལ་སྤྱི་ཡིས་ཁས་ལེན་པའི་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་འཐུས་མི་གཅིག་པུ་ཡིན་ཞིང་། དེའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནི་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་བར་གྱི་ལྟ་རྟོག་ལས་ཁུངས་ཤིག་ཡིན་ལ། ལག་བསྟར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་དང་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་པར་ལྟ་རྟོག་བྱེད་པའི་འགན་ཁུར་ཡོད། རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གྲོལ་བའི་དུས་སུ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱི་བྱ་བར་མཛུབ་སྟོན་བྱེད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།