ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇི་དང་ཧྥ་རན་སིས་ཡོ་རོབ་གླིང་ཤར་མར་དམག་མི་ཁ་སྣོན་བྱ་རྩིས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིན་ཧྭ་གསར་འགྱུར་ཁང་གི་ཕྱི་རྒྱལ་དུ་སྡོད་པའི་གསར་འགོད་པས་བཀོད་པའི་གསར་འགྱུར་ལྟར་ན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གནས་བབ་ཛ་དྲག་ཏུ་འགྲོ་བའི་གནས་ཚུལ་འོག དབྱིན་ཇི་དང་ཧྥ་རན་སི་གཉིས་ཀྱིས་ཉེ་སྔོན་ཡོ་རོབ་གླིང་ཤར་མ་ས་ཁུལ་དུ་དམག་དཔུང་ཁ་སྣོན་བྱས་ཏེ། བྱང་ཆིངས་རྩ་འཛུགས་ཀྱི་མནའ་གྲོགས་ལ་རྒྱབ་རོགས་བྱ་རྩིས་ཡོད་ཅེས་བཤད་ཟེར།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡུའེ་ཧན་ཞུན་གྱིས་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱིན་ཇིས་ཡོ་རོབ་གླིང་ཤར་མ་ས་ཁུལ་དུ་བཀོད་སྒྲིག་བྱས་པའི་དབྱིན་ཇིའི་དམག་མིའི་གྲངས་ཀ་ལྡབ་གཅིག་གིས་ཇེ་མང་དུ་བཏང་ནས། བྱང་ཆིངས་རྩ་འཛུགས་ཀྱིས་ཉིན་རེར་ཛ་དྲག་ཏུ་འགྲོ་བའི་ཝུའུ་ཁི་ལན་གྱི་གནས་བབ་ལ་ཁ་གཏད་འཇལ་བར་རོགས་རམ་བྱ་རྒྱུ་ཡིན་ཟེར།

ཡུའེ་ཧན་ཞུན་གྱིས་བཤད་རྒྱུར། ཁོས་དབྱིན་ཇིའི་དྲག་ཆས་དམག་དཔུང་དང་འཐབ་འཛིང་གནམ་གྲུ། དམག་གྲུ་བཅས་གཟའ་འཁོར་རྗེས་མར་ཡོ་རོབ་གླིང་དུ་སོང་སྟེ། སྐམ་མཚོ་མཁའ་གསུམ་གྱི་ལམ་ནས་བྱང་ཆིངས་རྩ་འཛུགས་ཀྱི་མནའ་གྲོགས་ལ་རྒྱབ་རོགས་བྱ་དགོས་པའི་བཀའ་བབས་ཡོད་ཟེར། ཡུའེ་ཧན་ཞུན་གྱིས་དམག་དཔུང་ཁ་སྣོན་བྱེད་པའི་དམིགས་ཡུལ་ནི་ཨུ་རུ་སིའི་ཁི་ལེ་མུའུ་ལིན་ཕོ་བྲང་ལ་བརྡ་གསལ་བོ་ཞིག་སྟོན་པའི་ཆེད་ཡིན་ཞེས་བཤད།

ཡུའེ་ཧན་ཞུན་གྱིས་རྗེས་ཕྱོགས་ཀྱི་ཉིན་འགའི་ནང་ཡོ་རོབ་གླིང་ཤར་མར་འཚམས་འདྲི་བྱ་རྒྱུ་ཡིན་པར་མ་ཟད་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་གཏོང་རྒྱུ་རེད། གཞན་ཡང་དབྱིན་ཇི་རུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་གིས་བདེན་དཔང་བྱས་པ་ལྟར་ན། དབྱིན་ཇིའི་རྒྱལ་སྲུང་བློན་ཆེན་དང་ཕྱི་འབྲེལ་བློན་ཆེན་ཡང་གཟའ་འཁོར་རྗེས་མར་མའོ་སི་ཁོ་རུ་སོང་ནས་ཝུའུ་ཁི་ལན་གྱི་གནས་བབ་སྐོར་གྲོས་མོལ་བྱ་རྒྱུ་རེད་ཟེར།

ཉིན་དེར་ཧྥ་རན་སིའི་རྒྱལ་སྲུང་དཔོན་པོ་ཕ་ལེ་ཡིས་ཧྥ་རན་སིའི་གསར་འགྱུར་ལས་ཁུངས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཧྥ་རན་སིས་བྱང་ཆིངས་རྩ་འཛུགས་ཀྱི་བཀོད་སྒྲིག་གི་སྒྲོམ་གཞིའི་འོག་ཏུ། རོ་མ་ནི་ཡར་དམག་མི་བརྒྱ་ཕྲག་འགའ་ཁ་སྣོན་བྱ་རྩིས་ཡོད་ཟེར།

ཕ་ལེ་ཡིས་བཤད་རྒྱུར། རོ་མ་ནི་ཡ་ནི་ཝུའུ་ཁི་ལན་དང་འབྲེལ་ཡོད། ཝུའུ་ཁི་ལན་གྱི་གནས་བབ་ཛ་དྲག་ཆེ་བ་དང་། རོ་མ་ནི་ཡ་ནི་ཛ་དྲག་ཆེ་བའི་ས་ཁུལ་དུ་ཡོད་པས། དེའི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཧ་ཅང་གལ་ཆེ་ཟེར། ཁོ་མོས་ཧྥ་རན་སིས་རོ་མ་ནི་ཡར་དམག་མི་བརྒྱ་ཕྲག་འགའ་ཁ་སྣོན་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཅེས་བཤད།

དེས་མི་ཚད་ཧྥ་རན་སིའི་ཕྱི་འབྲེལ་དཔོན་པོ་ལེ་ཏི་ལི་ཨང་གིས་ཚེས་ཉེར་དགུ་ཉིན་བཤད་རྒྱུར། ཁོས་ཟླ་གཉིས་པའི་ཚེས་བདུན་དང་ཚེས་བརྒྱད་ཉིན་འཇར་མན་གྱི་ཕྱི་འབྲེལ་དཔོན་པོ་པེ་ཨར་པོ་ཁི་དང་མཉམ་དུ་ཝུའུ་ཁི་ལན་ལ་འཚམས་འདྲི་བྱ་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ཧྥ་རན་སི་དང་འཇར་མན་གྱིས་སྟོབས་ཤུགས་ཡོད་རྒུས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པར་མ་ཟད། ནོ་མན་ཏིས་རྣམ་པའི་འོག་ཏུ། མུ་མཐུད་ནས་བར་འདུམ་བྱས་ཏེ་ཛ་དྲག་གནས་བབ་ཞི་འཇུགས་སུ་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།