ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་དང་ཀུའེ་ནེ་ཡཱ། ཝ་ནོའུ་ཨ་ཐུའུ་བཅས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་འདེམ་ཤོག་འཕེན་པའི་དབང་ཆ་སླར་གསོ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་མགྲིན་ཚབ་པ་ཁུའུ་པུས་ཡཱ་ཁི་ཡིས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། དབྱི་ལིང་དང་ཀུའེ་ནེ་ཡཱ། ཝ་ནོའུ་ཨ་ཐུའུ་བཅས་ཀྱིས་རེ་བ་ལྟར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་གྲོན་གྱི་ཆེས་དམའ་བའི་མ་དངུལ་སྤྲད་པས། དེ་དག་གི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་འདེམ་ཤོག་འཕེན་པའི་དབང་ཆ་སླར་གསོ་བྱུང་ཡོད་ཟེར། 

ཁུའུ་པུས་ཡཱ་ཁི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་གྲོན་མ་སྤྲད་པའི་དབང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་འདེམ་ཤོག་འཕེན་པའི་དབང་ཆ་ཤོར་བའི་དབྱི་ལིང་དང་ཀུའེ་ནེ་ཡཱ། ཝ་ནོའུ་ཨ་ཐུའུ་བཅས་ཀྱིས་ཉེ་སྔོན་འབྲེལ་ཡོད་མ་དངུལ་རྩིས་སྤྲོད་བྱས་ཏེ། ཡང་བསྐྱར་འདེམ་ཤོག་འཕེན་པའི་དབང་ཆ་ཐོབ་པ་རེད། དེ་ལས་གཞན་འདེམ་ཤོག་འཕེན་པའི་དབང་ཆ་ཤོར་བའི་སུའུ་ཏན་དང་ཨན་ཐིས་བཀའ། པཱ་པུའུ་ཏཱ། ཁོང་གོ་པུའུ་བཅས་ཀྱིས་གཟའ་འཁོར་སྔོན་མར་འབྲེལ་ཡོད་མ་དངུལ་རྩིས་སྤྲོད་བྱས་ནས། འདེམ་ཤོག་འཕེན་པའི་དབང་ཆ་སྔ་མོ་ནས་སླར་གསོ་བྱས་པ་རེད། མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་གོ་གསུམ་ཁྲོད་ཝེ་ནེ་ཙུའེ་ལཱ་དང་པཱ་པུའུ་ཡཱ་ཞིན་ཀུའེ་ནེ་ཡཱ་གཉིས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་འདེམ་ཤོག་འཕེན་པའི་དབང་ཆ་མེད་པ་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་བསྐུར་བའི་འཕྲིན་ཡིག་ལྟར་ན། རྒྱལ་ཁབ་བཅུ་གཅིག་གིས་ཚོགས་གྲོན་ལོ་གཉིས་ཡན་ལ་འགོར་འགྱངས་བྱས་པ་དང་། དེའི་ནང་རྒྱལ་ཁབ་བརྒྱད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་འདེམ་ཤོག་འཕེན་པའི་དབང་ཆ་མེད་པར་བཏང་ཡོད། ཁི་མའོ་ལོ་དང་ཧྲིན་ཏའོ་མཱེ། ཕུའུ་ལིན་ཞི་པུས། སོ་མཱ་ལི་བཅས་ཚོད་འཛིན་བྱེད་ཐབས་མེད་པའི་རྒྱུ་རྐྱེན་དུ་གཏོགས་པས། ཉིས་སྟོང་ཉེར་གཉིས་ལོའི་འདེམ་ཤོག་འཕེན་པའི་དབང་ཆ་སྔར་བཞིན་སོར་འཇོག་བྱས་ཡོད་པ་རེད། དེའི་ཞོར་དུ་འདེམ་ཤོག་འཕེན་པའི་དབང་ཆ་བླངས་པའི་རྒྱལ་ཁབ་བརྒྱད་ཀྱིས་ཆེས་དམའ་བའི་མ་དངུལ་རྩིས་སྤྲོད་བྱས་ན་འདེམ་ཤོག་འཕེན་པའི་དབང་ཆ་སླར་གསོ་བྱས་ཆོག་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།