ཀྲུང་གོ་བོད་ཀྱི་དྲ་བ།

ཧྲི་ཝ་པུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ལ་གདེང་འཇོག་ཆེན་པོ་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2022ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་བརྙན་རིས་གྲོས་ཚོགས་ཚེས17ཉིན་བསྡུས།  འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་གསར་གཏོད་པ་དང་ལག་བསྟར་ཀྲུའུ་ཞིའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཧྲི་ཝ་པུའུ་ཡིས་གྲོས་ཚོགས་སྟེང་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཉིན་དེའི་གྲོས་ཚོགས་སྟེང་གི་གསུང་བཤད་ལ་གདེང་འཇོག་ཆེན་པོ་གནང་བ་དང། མིག་སྔར་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་དགོས་ན་གྲོས་མོལ་དང་མཉམ་ལས་ནི་མིའི་རིགས་ཀྱི་ཞི་བདེ་དར་རྒྱས་མངོན་འགྱུར་བྱེད་པའི་བྱེད་ཐབས་ཉག་ཅིག་ཡིན་ཞེས་ནན་གྱིས་བསྟན།

ཉིན་དེར། ཀྲུའུ་ཞི་ཞི་ཅིན་ཕིང་བརྙན་རིས་གྲོས་ཚོགས་ལ་ཞུགས་པར་མ་ཟད།   ཁ་ཡིག་ལ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཔའ་ངར་མདུན་སྐྱོད་བྱས་ཏེ་རིམས་དུས་ཕྱི་མའི་མཛེས་སྡུག་གི་འཛམ་གླིང་མཉམ་བསྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གནང་།   ཧྲི་ཝ་པུའུ་ཡིས་བསྟན་དོན།    ཀྲུའུ་ཞི་ཅིན་ཕིང་གི་གསུང་བཤད་ཧ་ཅང་གལ་ཆེན་ཡིན་པ་དང་།  གྲོས་མོལ་དང་མཉམ་ལས་བརྒྱུད་དེ་གནད་དོན་མཉམ་དུ་ཐག་གཅོད་བྱེད་རྒྱུ་ནི་མིའི་རིགས་ཀྱི་ཞི་བདེ་དར་རྒྱས་མངོན་འགྱུར་བྱེད་པའི་བྱེད་ཐབས་ཉག་ཅིག་ཡིན་ཟེར།

ཧྲི་ཝ་པུའུ་ཡིས་ད་རུང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་དང་པོར་སུའེ་ཙེར་ནས་གནང་བའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་གསུང་བཤད་ལ་གདེང་འཇོག་ཆེན་པོ་བྱས་པ་དང་།  མིག་སྔར།  ང་ཚོས་སྟོབས་ཤུགས་ཡོད་ཚད་གཅིག་སྡུད་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་སྔར་ལས་བཟོད་སྒོམ་དང་སྔར་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་པ་དང་། མིའི་རིགས་ཀྱིས་མཐུན་སྒྲིལ་མཉམ་ལས་བྱས་ཏེ་མིག་སྔའི་འགྲན་རྩོད་གལ་ཆེན་ལ་ཁ་གཏད་འཇལ་དགོས་ཟེར།

ཧྲི་ཝ་པུའུ་ཡིས་བསྟན་དོན།  ཉིས་སྟོང་ཉེར་གཅིག་ལོར།  ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བར་མ་ཟད་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་དམིགས་འབེན་དེ་མངོན་འགྱུར་བྱས།  ཁོས་ད་རུང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་མི་དམངས་ལ་ལོ་གསར་པའི་སྨོན་འདུན་ཞུས་པར་མ་ཟད།    མི་འགྱངས་བར་བསྡུ་རྒྱུ་ཡིན་པའི་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུས།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་སྤྱི་ཁྱབ་པུའུ་སུའེ་ཙེར་གྱི་རི་ནེ་ཝ་རུ་ཡོད་པ་དང་།   དེ་ནི་འཛམ་གླིང་གི་དཔལ་འབྱོར་ཁྱབ་ཁོངས་སུ་གནས་པའི་གནད་དོན་ལ་ཞིབ་འཇུག་དང་གྲོས་བསྡུར་བྱེད་པ་དང་།  རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་བརྗེ་རེས་ལ་སྐུལ་སྤེལ་བྱེད་རྒྱུ་དམིགས་ཡུལ་དུ་བྱས་པའི་དཔོན་ཕྱོགས་མ་ཡིན་པའི་རྒྱལ་སྤྱིའི་རང་བཞིན་གྱི་ལས་ཁུངས་ཤིག་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།