ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལེ་སི་ཡིས་ཨ་མེ་རི་ཁ་དང་འཛམ་གླིང་དངུལ་ཁང་གིས་ཨ་ཧྥུའུ་ཧན་གྱི་རྒྱུ་ནོར་བཀག་སྡོམ་བྱེད་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་མི་དམངས་ས་ཡ་འགའ་ཚེ་སྲོག་གི་ཉེན་ཁར་འཕྲད་ཡོད་པས། ཨ་མེ་རི་ཁ་དང་འཛམ་གླིང་དངུལ་ཁང་གིས་ཐ་ལེ་པན་གྱིས་ཡང་བསྐྱར་སྲིད་དབང་བཟུང་བའི་ཚུན་ལ་བཀག་སྡོམ་བྱས་པའི་ཨ་ཧྥུའུ་ཧན་གྱི་རྒྱུ་ནོར་ལ་བཀག་སྡོམ་བྱེད་མཚམས་བཞག་སྟེ། ཨ་ཧྥུའུ་ཧན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཐོར་ཞིག་ཏུ་མི་འགྲོ་བར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལེ་སི་ཡིས་ཉིན་དེར་ཉིག་ཡའོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ལས་ཁུངས་ནས་གསར་འགོད་པར་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། འཛམ་གླིང་སྟེང་གི་དངུལ་རྩའི་ལས་ཁུངས་མང་ཆེ་ཤོས་ཀྱིས་ཨ་མེ་རི་ཁའི་སྒོར་མོར་བརྟེན་ནས་བྱ་བ་སྒྲུབ་བཞིན་ཡོད་ལ། མིག་སྔར་ཨ་མེ་རི་ཁ་དང་རྒྱལ་ཁབ་གཞན་པ་ཁ་ཤས་སུ་བཀག་སྡོམ་བྱས་པའི་ཨ་ཧྥུའུ་ཧན་གྱི་རྒྱུ་ནོར་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱུ་ནོར་དེ་དག་ཨ་ཧྥུའུ་ཧན་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ཐད་བཀོལ་བ་ལས་ཕྱོགས་གཞན་པར་མི་བཀོལ་བར་ཁག་ཐེག་བྱེད་དགོས་ཟེར།

འཛམ་གླིང་དངུལ་ཁང་གིས་ཟླ་སྔོན་མར་དངུལ་ཁང་དེས་དོ་དམ་བྱེད་པའི་ཨ་ཧྥུའུ་ཧན་བསྐྱར་འཛུགས་ཡིད་རྟོན་ཐེབས་རྩའི་ཁྲོད་ནས། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ་དང་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡི་ཨ་ཧྥུའུ་ཧན་གྱི་ལས་སྒོའི་ཐད་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་བརྒྱུད་སྤྲོད་བྱས། ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། ངས་ལྷག་མའི་ཨ་མེ་རི་ཁའི་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ལྷག་ཨ་ཧྥུའུ་ཧན་མི་དམངས་ཀྱིས་དགུན་དུས་འདི་བརྒལ་བར་བཀོལ་རྒྱུའི་རེ་བ་བཅངས་ཡོད་ཟེར།

དེ་དང་མཉམ་དུ་ཀུའུ་ཐི་ལེ་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་སྲིད་གཞུང་མིན་པའི་རྩ་འཛུགས་མང་པོས་ཚེས་བཅུ་གཅིག་ཉིན་བཏོན་པའི་འབོད་སྐུལ་དང་དུ་བླངས་ནས། ཨ་ཧྥུའུ་ཧན་ལ་ཨ་མེ་རི་ཁའི་སྒོར་མོ་ཐེར་འབུམ་ལྔ་བསྡུས་ནས་མི་ཆོས་རིང་ལུགས་ཀྱི་མུག་སྐྱོབ་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ན་ནིང་གི་ཟླ་བརྒྱད་པའི་ཟླ་དཀྱིལ་ནས་བཟུང་ཐ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་སྲིད་དབང་བཟུང་རྗེས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱི་ཕྱི་རྒྱལ་དུ་ཡོད་པའི་རྒྱུ་ནོར་བཀག་སྡོམ་བྱས་པར་མ་ཟད། ཨ་ཧྥུའུ་ཧན་ལ་དཔལ་འབྱོར་ཐད་ནས་རོགས་སྐྱོར་བྱེད་མཚམས་བཞག་པས། རོགས་སྐྱོར་ལ་བརྟེན་དྲག་པའི་ཨ་ཧྥུའུ་ཧན་གྱི་དཔལ་འབྱོར་དེ་སྔར་ལས་ཉམ་ཞན་དུ་གྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། ཨ་ཧྥུའུ་ཧན་གྱི་མི་དམངས་ས་ཡ་བརྒྱད་དང་འབུམ་བདུན་ཀྱིས་བཀྲེས་ལྟོགས་མྱོང་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།