ཀྲུང་གོ་བོད་ཀྱི་དྲ་བ།

པད་ཏིན་གྱིས་ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གི་དཔོན་རིགས་ཀྱི་འདེམ་མི་གསུམ་གྱི་མིང་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་པད་ཏིན་གྱིས་ཚེས་བཅུ་བཞི་ཉིན་བསྒྲགས་རྒྱུར། ནོར་སྲིད་པུའུ་ཡི་དཔོན་རིགས་ཟུར་པ་ལཱ་སི་ཅིན་གྱིས་ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གི་དངུལ་རྩའི་ལྟ་སྐུལ་དོ་དམ་གྱི་འགན་ཁུར་བའི་ཀྲུའུ་ཞི་གཞོན་པའི་འགན་ཁུར་རྒྱུའི་མིང་བཏོན་པ་དང་། དེ་དང་མཉམ་དུ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཉིས་ཀྱིས་ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གི་ལས་འཛིན་པའི་འགན་ཁུར་རྒྱུའི་མིང་བཏོན་པ་ཡིན་ཟེར།

པད་ཏིན་གྱིས་ཕོ་བྲང་དཀར་པོ་ནས་གསལ་བསྒྲགས་སྤེལ་ཏེ་བཤད་རྒྱུར། དེང་སྐབས་ཨ་མེ་རི་ཁའི་དཔལ་འབྱོར་དངོས་གོང་འཕར་བའི་འགྲན་རྩོད་དང་འཕྲད་ཡོད་པས། ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གིས་བརྟན་བརླིང་དང་རང་རྐྱ་འཕེར་བའི་འགོ་ཁྲིད་ནུས་པ་འདོན་དགོས། ལཱ་སི་ཅིན་ནི་ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གི་དངུལ་རྩའི་ལྟ་སྐུལ་དོ་དམ་གྱི་འགན་ཁུར་བའི་ཀྲུའུ་ཞི་གཞོན་པའི་ཆེས་ཐོབ་ཐང་ཅན་གྱི་འདེམ་མི་ཞིག་ཡིན་ལ། མུས་ཙེ་ཀིན་མངའ་སྡེའི་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་ཁུའུ་ཁི་དང་། ཏའེ་ཝེ་སིན་སློབ་གླིང་གི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་ཅེ་ཧྥེ་ཞུན་གཉིས་ནི་འཇོན་ཐང་ཆེ་བའི་དཔལ་འབྱོར་རིག་པ་བ་ཡིན་པ་ང་། དཔལ་འབྱོར་གྱི་གནད་དོན་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་ཟེར།

པད་ཏིན་གྱིས་བཤད་རྒྱུར། མི་གསུམ་པ་དེས་དེ་སྔོན་མིང་བཏོན་ནས་མུ་མཐུད་འགན་ཁུར་བའི་ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པའོ་ཝེ་ཨར་སོགས་དང་མཉམ་དུ། ཨ་མེ་རི་ཁའི་དཔལ་འབྱོར་སྔར་ལས་སྟོབས་ལྡན་དང་རྒྱུན་སྲིང་བསྐྱར་དར་གྱི་ལམ་དུ་ཁྲིད་པ་དང་མཉམ་དུ། དངོས་གོང་འཕར་བའི་སྣང་ཚུལ་དེ་ཡུན་རིང་བོར་མི་འབྱུང་བར་ཁག་ཐེག་བྱེད་རྒྱུ་རེད་ཟེར།

པད་ཏིན་གྱིས་ན་ནིང་གི་ཟླ་བཅུ་གཅིག་པར་པའོ་ཝེ་ཨར་གྱིས་མུ་མཐུད་དུ་ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་རྒྱུའི་མིང་བཏོན་པ་དང་མཉམ་དུ། ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གི་ལས་འཛིན་པ་པུའུ་ལེ་ནཱ་ཏི་ཡིས་ཀྲུའུ་ཞི་གཞོན་པའི་འགན་ཁུར་རྒྱུའི་མིང་བཏོན། འདེམ་མི་ལྔ་བོ་འདི་ལ་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་ཞུགས་ཁང་གི་ཆོག་མཆན་ཐོབ་དགོས།

བསྒྲགས་པའི་གནས་ཚུལ་ལྟར་ན། ལཱ་སི་ཅིན་གྱིས་ཨ་མེ་རི་ཁའི་ནོར་སྲིད་པུའུ་ཀྲང་གཞོན་པ་དང་ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གི་ལས་འཛིན་པའི་འགན་ཁུར་མྱོང་བ་དང་། ཁུའུ་ཁི་ཡིས་ཕོ་བྲང་དཀར་པོའི་དཔལ་འབྱོར་རིག་པ་བའི་འགན་ཁུར་མྱོང་ལ། ཅེ་ཧྥེ་ཞུན་གྱིས་ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གི་དཔལ་འབྱོར་རིག་པ་བའི་འགན་ཁུར་མྱོང་།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།