ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུས་ད་ལོ་དང་སང་ལོར་གོ་ལ་ཧྲིལ་བོའི་དཔལ་འབྱོར་དེ4%དང3.5%གོང་དུ་འཕར་རྒྱུ་ཚོད་དཔག་བྱས་ཡོད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས13ཉིན་ཁྱབ་བསྒྲགས་བྱས་པའི《2022ལོའི་འཛམ་གླིང་དཔལ་འབྱོར་གྱི་གནས་བབ་དང་རྒྱང་ལྟའི》སྙན་ཞུའི་ཚོད་དཔག་ལྟར་ན། གོ་ལ་ཧྲིལ་བོའི་དཔལ་འབྱོར་དེ2022ལོ་དང2023ལོར་སོ་སོར4%དང3.5%གོང་དུ་འཕར་རྒྱུ་རེད།

སྙན་ཞུ་ལས། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ལས་ངལ་རྩོལ་ནུས་ཤུགས་བསྟུད་མར་མི་འདང་བ་དང་མཁོ་སྤྲོད་སྦྲེལ་ཐག་ཆད་པ། དེ་མིན་དངུལ་ལོར་འགྲེམ་ཐལ་ཤོར་བའི་གནོན་ཤུགས་སོགས་རྒྱུ་རྐྱེན་གྱི་དབང་གིས་གོ་ལ་ཧྲིལ་བོའི་དཔལ་འབྱོར་སླར་གསོ་ལ་སྔར་མེད་ཀྱི་འགོག་ཤུགས་ཆེན་པོར་འཕྲད་ཡོད་པར་བསྟན།

དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་གྱི་འགན་འཁུར་བ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེན་མོ་གཞོན་པ་ལིའུ་ཀྲིན་མིང་གིས་ཉིན་དེར་ཁྱབ་སྒྲོག་ཚོགས་འདུའི་སྟེང་བསྟན་དོན། གཞན་འགྱུར་པྲོག་གསར་ནད་དུག་སྟེ་ཨོ་སྨི་ཁུ་རོང་ནད་དུག་གིས་འགོས་རིམས་གསར་བ་ཞིག་ཁྱབ་པར་བྱས་པ་དང་བསྟུན། པྲོག་གསར་གློ་ཚད་རིམས་ནད་ཀྱིས་བཟོས་པའི་མི་སྣ་དང་དཔལ་འབྱོར་གྱི་གྱོང་གུད་ནི་ཚོད་དཔག་ལྟར་ན་སྔར་ལས་ལྷག་པར་ཇེ་ཆེར་འགྲོ་རྒྱུ་རེད། གལ་ཏེ་ཡོངས་ཁྱབ་ཀྱིས་འགོག་ཁབ་འདུས་པའི་མཐུན་སྦྱོར་ལམ་སྲོལ་དང་རྒྱུན་མཐུད་ཀྱི་འཛམ་གླིང་རང་བཞིན་གྱི་ཁ་གཏད་འཆར་འགོད་ཀྱིས་པྲོག་གསར་གློ་ཚད་ལ་བཀག་འགོག་མ་བྱས་ཚེ། རིམས་ནད་ཀྱིས་མུ་མཐུད་དུ་འཛམ་གླིང་དཔལ་འབྱོར་གྱི་ཁོང་ཡངས་རང་བཞིན་དང་རྒྱུན་མཐུད་སླར་གསོ་ལ་ཉེན་ཁ་ཆེན་པོ་ཐེབས་སྲིད།

སྙན་ཞུ་ལས། ཚོད་དཔག་ལྟར་ན་མ་འོངས་པའི་ལོ་གཉིས་རིང་དང་ཡང་ན་དེ་ལས་རིང་བའི་དུས་ཚོད་ནང་ལས་ཞུགས་ཆུ་ཚད་དེ་རིམས་ནད་མ་བྱུང་སྔོན་གྱི་ཆུ་ཚད་ལས་ཆེས་ཆེར་དམའ་བ་ཡིན། དར་རྒྱས་སོང་བའི་དཔལ་འབྱོར་དངོས་གཞིའི་ངལ་རྩོལ་ནུས་ཤུགས་མི་འདང་བའི་རྐྱེན་གྱིས་འདོན་སྤྲོད་སྦྲེལ་ཐག་གི་འགྲན་སློང་དང་དངུལ་ལོར་འགྲེམ་ཐལ་ཤོར་བའི་གནོན་ཤུགས་ཇེ་ཆེར་འགྲོ་རྒྱུ་རེད། དུས་མཚུངས་སུ། འགོག་ཁབ་རྒྱག་པའི་འཕེལ་རིམ་དལ་བ་དང་གཏོང་སྤྲོད་ལ་སྐུལ་སྤེལ་བྱེད་པའི་སྲིད་ཇུས་ཚད་ཡོད་པའི་རྐྱེན་གྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལས་ཞུགས་འཕེལ་ཚད་སྔར་བཞིན་དལ་བ་ཡིན། ལས་ཞུགས་སླར་གསོ་དལ་བའི་རྒྱབ་ལྗོངས་འོག ཚོད་དཔག་ལྟར་ན་དབུལ་ནག་མི་གྲངས་ནི་རིམས་ནད་མ་བྱུང་སྔོན་ལས་ཇེ་མང་དུ་འགྲོ་ངེས་པ་དང་། ཉམས་ཞན་གྱི་དཔལ་འབྱོར་དངོས་གཞིའི་དབུལ་ཕོངས་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་རྒྱུ་རེད། 2023ལོར་སླེབས་དུས། ཨ་ཧྥེ་རི་ཁ་གླིང་གི་བལྟོས་མེད་དབུལ་ཕོངས་མི་གྲངས་མུ་མཐུད་དུ་ཇེ་མང་དུ་འགྲོ་བ་དང་། གཞན་ཡང་། རིམས་ནད་ཀྱི་ཤུགས་རྐྱེན་ལས། བུད་མེད་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བུད་མེད་ལས་ཞུགས་ཀྱི་མི་གྲངས་མགྱོགས་མྱུར་སྒོས་ཇེ་ཉུང་དུ་འགྲོ་རྒྱུ་ཡིན་པར་བསྟན།

སྙན་ཞུ་ལས་བསྟན་དོན། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་གི་ཚད་ཡོད་པའི་ནོར་སྲིད་ཀྱི་བར་སྟོང་དང་མ་དངུལ་མཉམ་འདྲེས་ཀྱི་ཚད་བཀག་གིས་མུ་མཐུད་དུ་སྲིད་གཞུང་གིས་རིམས་ནད་སོགས་ཀྱི་འབྲེལ་ཡོད་འགྲོ་སོང་གཏོང་བའི་ནུས་པར་ཚོད་འཛིན་བྱ་རྒྱུ་རེད། དངུལ་ལོར་འགྲེམ་ཐལ་ཤོར་བའི་གནོན་ཤུགས་ཇེ་ཆེར་བའི་གནས་ཚུལ་འོག རྒྱལ་ཁབ་ཁག་གི་ཀྲུང་དབྱང་དངུལ་ཁང་གིས་ཉེན་ཁར་ཁ་གཏོད་པའི་རྒྱུན་ལྡན་མ་ཡིན་པའི་དངུལ་ལོར་སྲིད་ཇུས་ལྷོད་ཡངས་སུ་བཏང་། ནོར་སྲིད་དང་བུན་འཛིན་གྱི་གནས་བབ་ཀྱིས་ཡོང་འབབ་དམའ་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ལྷག་ཏུ་འགྲན་སློང་རང་བཞིན་བསྩལ་ཡོད། རྒྱུན་མཐུད་མ་ཡིན་པའི་ཕྱི་བུན་གྱི་ཁུར་བོ་དང་རིམས་ནད་དུས་སྐབས་ཀྱི་བསྐྱི་དངུལ་འཕར་མ་དང་མུ་མཐུད་ཇེ་ཆེར་འགྲོ་བཞིན་པའི་བུན་འཛིན་གྱི་མ་རྩས་རྒྱལ་ཁབ་མང་པོ་ཞིག་བུན་འཛིན་ཉེན་ཁའི་མཐའ་རུ་བསྐྱལ་ཡོད།

སྙན་ཞུའི་སྣེ་ཁྲིད་རྩོམ་པ་པོ་ཧ་སྨི་ཏི་ལ་ཞི་ཏི་ཡིས་ཁྱབ་སྒྲོག་ཚོགས་འདུའི་སྟེང་བཤད་རྒྱུར། འཕེལ་རྒྱས་རྒྱལ་ཁབ་ཀྱིས་གོ་རིམ་ལྡན་པའི་ངང་མ་རྩ་ཉོ་སྒྲུབ་ཇེ་ཉུང་དང་རྒྱུ་ནོར་བུ་ལོན་རེའུ་མིག་ཇེ་ཆུང་དུ་གཏོང་དགོས་ལ། དངུལ་རྩའི་གཏན་འཇགས་སྲུང་འཛིན་བྱེད་པར་བརྟེན་ནས་བུན་འཛིན་གྱི་རྒྱུན་མཐུད་རང་བཞིན་ལ་ཁག་ཐེག་བྱེད་དགོས།

ཟླ་འདིའི་ཚེས11ཉིན། འཛམ་གླིང་དངུལ་ཁང་གིས་སྐབས་གསར་བའི《གོ་ལ་ཧྲིལ་བོའི་དཔལ་འབྱོར་གྱི་རྒྱང་གཟིགས》སྙན་ཞུ་ཁྱབ་སྒྲོག་བྱས་ཤིང་། ཚོད་དཔག་ལྟར་ན་གོ་ལ་ཧྲིལ་བོའི་དཔལ་འབྱོར་དེ2021ལོ་དང2022སོར་སོ་སོར5.5%དང4.1%འཕེལ་རྒྱས་འགྲོ་རྒྱུ་ཡིན་པ་དང་། 2023ལོར་སྔར་བས་ཇེ་དལ་དུ་སོང་ནས3.2%ལ་ཆག་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།