ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ལི་ཡིས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་བར་གྱི་སྐམ་སའི་རྒྱུ་ལམ་དང་བར་སྣང་གི་འཕུར་ལམ་འགོག་སྡོམ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཱ་ལིའི་བར་བརྒལ་སྲིད་གཞུང་གིས་ཚེས་བཅུ་ཉིན་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་བར་གྱི་སྐམ་སའི་རྒྱུ་ལམ་དང་བར་སྣང་གི་འཕུར་ལམ་འགོག་སྡོམ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པར་མ་ཟད། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་དག་ཏུ་ཡོད་པའི་གཞུང་ཚབ་པ་ཕྱིར་བོས་ཏེ། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་མཱ་ལིར་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱས་པར་རྒོལ་ལན་སྤྲད། 

མཱ་ལིའི་བར་བརྒལ་སྲིད་གཞུང་གི་མགྲིན་ཚབ་པ་མཱ་དབྱེ་ཅཱ་ཡིས་ཉིན་དེར་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། མཱ་ལི་ཡིས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་པ་དང་། མཱ་ལིའི་བར་བརྒལ་སྲིད་གཞུང་གིས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་དག་ཏུ་ཡོད་པའི་གཞུང་ཚབ་པ་ཕྱིར་འབོད་རྒྱུ་མ་ཟད། འབྲེལ་ཡོད་རྒྱལ་ཁབ་བར་གྱི་སྐམ་སའི་རྒྱུ་ལམ་དང་བར་སྣང་གི་འཕུར་ལམ་འགོག་སྡོམ་བྱེད་རྒྱུ་ཐག་བཅད་ཡོད་ཟེར། 

ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པས་ཚེས་དགུ་ཉིན་ཀཱ་ནཱའི་རྒྱལ་ས་ཨ་ཁི་ལཱ་ནས་དམིགས་བསལ་གྱི་མཐོ་རིམ་གྲོས་ཚོགས་བསྡུས་རྗེས་སྤྱི་སྒྲོག་སྤེལ་ཏེ། མཱ་ལིའི་བར་བརྒལ་སྲིད་གཞུང་ལ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་གཉིས་པའི་ཡར་སྔོན་དུ་ཆབ་སྲིད་བར་བརྒལ་ཡོངས་འགྲུབ་བྱེད་པའི་རེ་འདོན་མེད་པར་དམིགས་ནས། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་དེའི་སྔོན་མཱ་ལིའི་བར་བརྒལ་སྲིད་གཞུང་ལ་དམིགས་པའི་བཀག་སྡོམ་བྱེད་ཐབས་སྲུང་འཛིན་བྱས་ཐོག་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་རྒྱུ་ཐག་བཅད་པ་རེད། 

མཱ་ལི་ཡིས་ན་ནིང་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་རྒྱལ་ཡོངས་བསྐྱར་འཛུགས་ཚོགས་ཆེན་བསྡུས་ཏེ་མཱ་ལིའ་ཆབ་སྲིད་བར་བརྒལ་གྱི་དུས་ཚོད་རེའུ་མིག་ལ་གྲོས་བསྡུར་བྱས། མཱ་ལི་ཡིས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པར་སྤྲད་པའི་དུས་ཚོད་རེའུ་མིག་འཆར་ཟིན་ལྟར་ན། ཉིས་སྟོང་ཉེར་གསུམ་ལོ་ནས་བཟུང་རྩ་ཁྲིམས་ལ་བཟོ་བཅོས་བྱེད་རྒྱུ་ཡིན་པ་དང་། ཉིས་སྟོང་ཉེར་དྲུག་ལོར་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་མཱ་ལི་ཡིས་ད་ལོའི་ཟླ་གཉིས་པར་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པའི་རེ་བ་བཏོན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།