ཀྲུང་གོ་བོད་ཀྱི་དྲ་བ།

ཧ་སག་སི་ཐན་གྱིས་རྒྱལ་ཡོངས་སུ་མྱ་ངན་ཞུ་བའི་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧ་སག་སི་ཐན་རྒྱལ་ནང་དུ་ཟིང་འཁྲུགས་བསླངས་བ་ལས་མི་མི་ཉུང་བ་ཞིག་རྐྱེན་ལམ་དུ་ཤོར་སྟབས། ཚེས10ཉིན་ཧ་སག་སི་ཐན་གྱིས་རྒྱལ་ཡོངས་སུ་མྱ་ངན་ཞུ་བའི་བྱ་འགུལ་སྤེལ། ཧ་སག་སི་ཐན་གྱི་སྲིད་འཛིན་བཞུགས་ཤག་དང་རིམ་པ་སོ་སོའི་སྲིད་གཞུང་ལས་ཁུངས། ཧ་སག་སི་ཐན་དུ་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་སོགས་ལས་ཁུངས་ཀྱི་རྒྱལ་དར་ཕྱེད་ཙམ་མར་ཕབ་ནས་མྱ་ངན་ཞུས། 

 “དེ་རིང་། ང་ཚོས་ཐེངས་འདིའི་ཟིང་འཁྲུགས་ཁྲོད་ཚེ་ལས་འདས་པའི་མང་ཚོགས་དང་ཁྲིམས་འཛིན་མི་སྣ། དམག་མི་བཅས་ལ་མྱ་ངན་ཞུ་རྒྱུ་ཡིན། ང་ཚོའི་རྒྱལ་ཁབ་འདི་སྒེར་ཚུགས་ཐོབ་པའི་ཚུན་གྱི་ཆེས་ཉམས་ཉེན་གྱི་གནས་སྐབས་སུ་སླེབས་ཡོད” ཧ་སག་སི་ཐན་གྱི་སྲིད་འཛིན་ཐུའོ་ཁཱ་ཡེ་ཧྥུའུ་ཡིས་ཉིན་དེར་གཏམ་བཤད་སྤེལ་དུས་འདི་ལྟར་གསུང་བ་རེད། ཁོས་ཁྲིམས་འགལ་མི་སྣ་རྣམས་ལ་ཉེས་ཆད་དྲག་པོ་གཅོད་པ་ལས་གུ་ཡངས་གཏན་ནས་གཏོང་མི་སྲིད་ལ། དོན་རྐྱེན་འདི་རིགས་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱ་རྒྱུ་ཡིན་ཞེས་ཁས་ལེན་དམ་བཅས་བཞག།

ཉིན་དེར། ཧ་སག་སི་ཐན་གྱི་དྲ་ཚིགས་མང་པོའི་དྲ་ངོས་སྐྱ་མདོག་ཏུ་བསྒྱུར་བ་རེད། ཧ་སག་སི་ཐན་གྱི་རྒྱལ་ས་ནུའུ་ཨར་སུའུ་ཏན་གྲོང་ཁྱེར་གྱི་གྲོང་མི་ཨོ་སི་ཕཱ་ནུའོ་ཧྥུ་ཡིས་གསར་འགོད་པར་བཤད་རྒྱུར། ཁོས་རང་ཉིད་ཀྱི་རྒྱལ་ཁབ་ལ་འདི་འདྲའི་དོན་རྐྱེན་བྱུང་བར་གདུང་སེམས་ཆེན་པོ་སྐྱེད་བཞིན་ཡོད་ལ། དེ་དང་དུས་མཚུངས་སུ་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་རྣམས་ལ་མགོ་ཁྲིད་དེ་མུན་ནག་གི་ཞིང་ཁམས་ནས་བརྒལ་ཐུབ་པའི་ཡིད་ཆེས་དམ་པོ་ཡོད་ཟེར། 

ཧ་སག་སི་ཐན་གྱི་སྲིད་འཛིན་དྲ་ཚིགས་སྟེང་ཚེས9ཉིན་སྤེལ་བའི་གསལ་བསྒྲགས་ལྟར་ན། མིག་སྔར་ཧ་སག་སི་ཐན་རྒྱལ་ཁབ་ཀྱི་བདེ་འཇགས་གནས་བབ་ཅུང་བརྟན་བརླིང་ཡིན་ལ། དེ་སྔོན་བཅད་བཟུང་བྱས་པའི་སྲིད་འཛིན་སྒྲིག་ཆས་དག་ཁྲིམས་འཛིན་སྡེ་ཁག་གིས་སླར་ཡང་ཚུར་བླངས་ཏེ། སྤྱི་བའི་སྒྲིག་ཆས་དང་སྨན་བཅོས་མ་ལག་རྣམས་འཁོར་རྒྱུག་རྒྱུན་ལྡན་ཅན་དུ་གྱུར་ཡོད། རྒྱུས་ལོན་པ་ལྟར་ན། ཨ་ལ་མུའུ་ཐུའུ་ཡི་དངུལ་ཁང་མང་ཆེ་ཤོས་སླར་གསོ་བྱུང་ཡོད་པ་དང་། སྒོ་རྩིས་ཚོང་ཁང་ཁག་གཅིག་སླར་གསོ་བྱུང་ཞིང་། མཉམ་སྦྲེལ་དྲ་རྒྱའི་དྲ་བ་ཆད་པ་ནས་དུས་བཅད་ལྟར་ཞབས་ཕྱི་འདོན་སྤྲོད་བྱེད་པའི་རྣམ་པར་གྱུར་ཡོད།

ཧ་སག་སི་ཐན་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཝུའུ་ཁི་ལི་ཡིས་ཚེས8ཉིན་སྤྱི་འབྲེལ་སྨྱན་བྱད་བརྒྱུད་ནས་གསལ་བསྒྲགས་སྤེལ་དོན། ཐེངས་འདིའི་ཟིང་འཁྲུགས་ལས་མི་མང་པོ་ཞིག་རྐྱེན་ལམ་དུ་ཤོར་སྟབས། ཚེས10ཉིན་ལ་རྒྱལ་ཡོངས་གྱི་མྱན་ངན་ཞུ་བའི་ཉིན་མོ་རུ་གཏན་ཁེལ་བྱས། ཧ་སག་སི་ཐན་འཕྲོད་བསྟེན་པུའུ་དང་ནང་སྲིད་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། མིག་སྔའི་བར་ཟིང་འཁྲུགས་ཁྲོད་མི164ཚེ་ལས་འདས་ལ། ཁྲིམས་འཛིན་སྡེ་ཁག་གིས་མི7939འཛིན་བཟུང་བྱས་འདུག ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།