ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཨ་མེ་རི་ཁ་རུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་བསྡོམས་པས་ཁྲི6000ལས་བརྒལ་བར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས9ཉིན། ཨ་རིའི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་བསྡོམས་རྩིས་གཞི་གྲངས་གསར་ཤོས་ལྟར་ན། ཨ་མེ་རི་ཁ་རུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་བསྡོམས་པས་ཁྲི6000ལས་བརྒལ་འདུག 

ཨ་མེ་རི་ཁ་ཤར་རྒྱུད་ཀྱི་དུས་ཚོད་ཚེས9ཉིན་གྱི་ཆུ་ཚོད16དང་སྐར་མ21(པེ་ཅིང་གི་དུས་ཚོད་ཚེས10ཉིན་གྱི་ཆུ་ཚོད5དང་སྐར་མ21) བར།  ཨ་མེ་རི་ཁ་རུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་བསྡོམས་པས60062077དང་། ཚེ་འདས་ནད་པ་བསྡོམས་པས837504ཡོད་ལ། ཨ་མེ་རི་ཁ་ནི་གོ་ལ་ཧྲིལ་བོ་ནས་ནད་རྟགས་ཐག་བཅད་པའི་ནད་པ་དང་ཚེ་འདས་ནད་པ་ཆེས་མང་པའི་རྒྱལ་ཁབ་རེད།

མིག་སྔར། ཨ་མེ་རི་ཁ་རུ་ནད་རྟགས་ཐག་བཅད་པའི་ནད་པ་ཆེས་མང་བའི་མངའ་སྡེ་ནི་ཅཱ་ལི་ཧྥུ་ཉི་ཡ་ཡིན་ལ། ནད་པ་ཁྲི608ལས་བརྒལ་འདུག དེ་ལས་ཅུང་ཉུང་བའི་ཏི་ཁུ་ས་སི་མངའ་སྡེ་ལ་ནད་པ་ཁྲི504ལྷག་དང་། ཧྥོ་ལོ་ལིས་ཏ་མངའ་སྡེ་ལ་ནད་པ་ཁྲི463། ཉིག་ཡོལ་མངའ་སྡེ་ལ་ཁྲི413། དབྱི་ལི་རའོ་དབྱི་མངའ་སྡེ་ལ་ཁྲི238བཅས་ཡོད་པ་རེད།

 གཞི་གྲངས་ལྟར་ན། 2020ལོའི་ཟླ11པའི་ཚེས9ཉིན། ཨ་མེ་རི་ཁ་རུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་ཁྲི1000ལས་བརྒལ་ཞིང་། 2021ལོའི་ཟླ1པོའི་ཚེས1ཉིན་ཁྲི2000དང་། ཟླ3པའི་ཚེས24ཉིན་ཁྲི3000། ཟླ9བའི་ཚེས6ཉིན་ཁྲི4000། ཟླ12པའི་ཚེས13ཉིན་ཁྲི5000ལས་བརྒལ་བ་རེད། ནད་རྟགས་ཐག་བཅད་པའི་ནད་པ་ཁྲི1000ནས་ཁྲི2000འཕར་བར་ཉིན53དང་། ནད་པ་ཁྲི2000ནས་ཁྲི3000བར་ཉིན82། ནད་པ་ཁྲི3000ནས་ཁྲི4000བར་ཉིན166། ནད་པ་ཁྲི4000ནས་ཁྲི5000བར་ཉིན98།  ནད་པ་ཁྲི5000ནས་ཁྲི6000བར་ཉིན27བཅས་ལས་འགོར་མེད་པ་རེད། 

གཞི་གྲངས་འདི་དག་ནི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་གསར་གློ་ཚད་ནད་དུག་ཞིབ་འཇུག་རྣམ་གྲངས་གིས་དུས་ཐོག་ཏུ་རྒྱལ་ཁབ་དང་ས་ཁུལ་ཁག་གི་གྲངས་གཞི་ཕྱོགས་བསྡུས་བྱས་པ་ལས་ཐོན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།