ཀྲུང་གོ་བོད་ཀྱི་དྲ་བ།

ཨར་པཱ་ནི་ཡཱ་སོགས་རྒྱལ་ཁབ་ལྔ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཀྱི་འགན་ཁུར་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་པཱ་ནི་ཡཱ་དང་པཱ་ཞི། ཀཱ་ཕིན། ཀཱ་ནཱ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་རྒྱལ་ཁབ་ལྔའི་རྒྱལ་དར་འཛུགས་པའི་མཛད་སྒོ་ཚེས་བཞི་ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོམས་ཁང་ཕྱི་རོལ་ནས་སྤེལ། དེ་ལས་རྒྱལ་ཁབ་ལྔ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཀྱི་འགན་འཁྲི་ལག་བསྟར་བྱས་པ་མཚོན་ཡོད། 

ཚེས་བཞི་ཉིན་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཉིས་སྟོང་ཉེར་གཉིས་ལོའི་ལས་ཀའི་ཉིན་མོ་ཐོག་མ་རེད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཧཱ་སག་སི་ཐན་གྱི་འཐུས་མི་དབྱེ་ལེ་ཡཱ་སོ་ཧྥུའུ་ཡིས་ཉིན་དེར་རྒྱལ་དར་འཛུགས་པའི་མཛད་སྒོར་མགོ་འཛིན་བྱས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་དང་། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ནོར་ཝེའི་འཐུས་མི་ཡུག་ཨར་གྱིས་གཏམ་བཤད་སྤེལ་ཏེ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་ལ་དགའ་བསུ་ཞུས། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་རྒྱལ་ཁབ་ལྔའི་འཐུས་མི་ཡིས་སོ་སོར་གཏམ་བཤད་ཐུང་ངུ་སྤེལ་བ་དང་། རྒྱལ་ཁབ་སོ་སོའི་རྒྱལ་དར་རིམ་པ་བཞིན་ཧཱ་སག་སི་ཐན་གྱིས་སྦྱིན་པའི་རྒྱལ་དར་སྟེགས་བུའི་སྟེང་དུ་བཙུགས། 

ཨར་པཱ་ནི་ཡཱ་སོགས་རྒྱལ་ཁབ་ལྔ་ཡིས་ཨེ་སོ་ནི་ཡཱ་དང་ཧྲིན་ཝུན་སིན་ཐི། ཀི་ལིན་ནཱ་ཏེན་སི། ནེ་ཀྲིར། ཐུ་ནི་ཞི་ཡཱ། ཡོ་ནན་བཅས་ཀྱི་ཚབ་བྱས་ཏེ། ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཀྱི་འགན་ཁུར་མགོ་བརྩམས་པ་རེད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དམིགས་བསལ་རྒྱུན་ལས་ལས་འཛིན་རྒྱལ་ཁབ་གཞན་པ་ལྔ་ནི་རྒྱ་གར་དང་ཨིར་ལན། ཁུན་ནེ་ཡཱ། མའོ་ཞི་ཁོ། ནོར་ཝེ་བཅས་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་བསྡོམས་པས་ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔ་ཡོད་པ་དང་། དེའི་ནང་ཀྲུང་གོ་དང་ཧྥ་རན་སི། ཨུ་རུ་སི། དབྱིན་ཇི། ཨ་མེ་རི་ཁ་བཅས་ནི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་ལ། དེའི་འཕྲོའི་ཁོངས་གཏོགས་རྒྱལ་ཁབ་བཅུ་ནི་དམིགས་བསལ་རྒྱུན་ལས་ལས་འཛིན་རྒྱལ་ཁབ་རེད། དམིགས་བསལ་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཀྱི་འགན་ཡུན་ལོ་གཉིས་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་འདེམ་བསྐོ་བྱས་ཏེ་ལོ་རེར་ལྔ་རེ་བརྗེ་སྤོར་བྱེད་བཞིན་ཡོད་ལ། བསྟུད་འགན་ཁུར་མི་རུང་། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཁུར་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གཙོ་བོ་ཞིག་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།