ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གྲུ་གཟིངས་ཤིག་བཀག་འཇོག་བྱས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས་གསུམ་ཉིན་བཤད་རྒྱུར། རྩ་འཛུགས་དེས་ཉིན་དེར་ཡེ་མིན་གྱི་ཧེ་ཐེ་ཏཱ་གྲོང་ཁྱེར་ཉེ་འདབས་ཀྱི་མཚོ་དམར་མཚོ་ཁོངས་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་དར་བཏགས་པའི་གྲུ་གཟིངས་ཤིག་བཀག་འཇོག་བྱས་ཡོད་ཟེར། 

ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལི་ཨ་ཡིས་བསྟན་དོན། གྲུ་གཟིངས་དེ་ནི་དམག་བཀོལ་དངོས་སྐྱེལ་གྲུ་གཟིངས་ཤིག་ཡིན་པ་དང་། ཁྲིམས་འགལ་གྱིས་ཡེ་མིན་མཚོ་ཁོངས་སུ་ཡོང་བ་རེད་ཟེར། 

གཞན་ཡང་སོ་ཏི་ཨ་རབ་ཀྱི་ཨ་ལཱ་པུས་ཡཱ་བརྙན་འཕྲིན་ཁང་གིས་ཉིན་དེར་བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་བསྟན་དོན། ཧུའུ་སེ་དྲག་ཆས་པས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་དར་བཏགས་པའི་དངོས་སྐྱེལ་གྲུ་གཟིངས་ཤིག་བཙན་འཕྲོག་བྱས་ཡོད་ཟེར། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པའི་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་ལ། ཧུའུ་སེ་དྲག་ཆས་པས་མྱུར་མོར་དངོས་སྐྱེལ་གྲུ་གཟིངས་དེ་གཏོང་དགོས་པའི་རེ་བ་བཏོན་པ་དང་། དེ་ལྟ་མིན་ཚེ་མཇུག་འབྲས་ཚབས་ཆེན་འབྱུང་སྲིད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།