ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་བར་བརྒལ་སྲིད་གཞུང་གི་ཙུང་ལི་ཧཱ་མུའུ་ཏུའུ་ཁི་ཡིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་བར་བརྒལ་སྲིད་གཞུང་གི་ཙུང་ལི་ཧཱ་མུའུ་ཏུའུ་ཁི་ཡིས་ཚེས་གཉིས་ཉིན་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས། 

ཧཱ་མུའུ་ཏུའུ་ཁི་ཡིས་དཔོན་ཕྱོགས་བརྙན་འཕྲིན་ཁང་ནས་གཏམ་བཤད་སྤེལ་ཏེ། ཁོས་གང་ནུས་ཀྱིས་རྒྱལ་ཁབ་གནོད་འཚེ་རང་བཞིན་གྱི་དཀའ་གནས་སུ་ལྷུང་བར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར། ཆབ་སྲིད་སྟོབས་ཤུགས་ཀྱི་ཁ་བྲལ་དང་བར་བརྒལ་འཕེལ་རིམ་ཁྲོད་དམག་དོན་དང་ཞི་དཔོན་བར་གྱི་འཁྲུག་རྩོད་ལས་ཕྱོགས་སོ་སོས་ཐུན་མོང་གི་ལྟ་ཚུལ་འགོད་པར་དཀའ་ཁག་ཆེན་པོ་བྱུང་ཡོད་ཟེར། ཁོས་ཙུང་ལིའི་ལས་འགན་བསྐྱུར་རྒྱུའི་ཐག་བཅད་པ་ནི་མི་གཞན་པས་རྒྱལ་ཁབ་ལ་རོགས་རམ་བྱས་ཏེ་བར་བརྒལ་འཕེལ་རིམ་ཡོངས་འགྲུབ་བྱེད་པའི་གོ་སྐབས་འདོན་སྤྲོད་བྱེད་ཆེད་ཡིན་ཟེར། 

ཧཱ་མུའུ་ཏུའུ་ཁི་ཡིས་བསྟན་དོན། མིག་སྔར་སྒོར་ཅོག་གྲོས་ཚོགས་ཤིག་བསྡུས་ཏེ་སུའུ་ཏན་གྱི་ཆབ་སྲིད་བར་བརྒལ་ལ་གྲོས་མཐུན་གསར་བ་ཞིག་གཏན་འབེབས་བྱེད་དགོས་ཡོད་ཟེར། 

བསྟུད་མར་ཉིན་འགའི་རིང་ལ། སུའུ་ཏན་གྱི་ས་ཁུལ་མང་བོ་ནས་ངོ་རྒོལ་རྔམ་སྟོན་བྱ་འགུལ་སྤེལ་བ་དང་། རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་སྐོར་ཞིག་གིས་དམག་ཕྱོགས་ཀྱིས་ཧཱ་མུའུ་ཏུའུ་ཁིའི་བར་བཀོད་པའི་གྲོས་མཐུན་ལ་ངོ་རྒོལ་བྱས། རྔམ་སྟོན་ཁྲོམ་སྐོར་མཁན་དང་ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་སྟེ་མི་མང་བོར་ཤི་རྨས་བཟོས་ཡོད། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།