ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན་མང་བོར་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་གཅིག་ཉིན་གྱི་ནམ་གུང་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་འིའི་དམག་དོན་དམིགས་འབེན་མང་བོར་འཇབ་རྒོལ་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཚེས་གཅིག་ཉིན་མེ་ཤུགས་འཕུར་མདའ་གཉིས་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་ཐི་ལཱ་ཝེ་ཧྥུའུ་ནུབ་ངོས་ཀྱི་ནུབ་མཚོ་ས་ཁོངས་སུ་ལྷུང་། དེར་རྒོལ་ལན་སྤྲོད་ཆེད་དབྱི་སི་རལ་དམག་དཔུང་གིས་གྱེན་འཕུར་གནམ་གྲུ་དང་ཐན་ཁི་འཁོར་ལོ་བཀོལ་ནས་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་མེ་ཤུགས་འཕུར་མདའི་བཟོ་སྐྲུན་རྟེན་གཞི་ཞིག་དང་དམག་དོན་སོ་ལྟ་ཁང་མང་བོར་འཇབ་རྒོལ་བྱས་པ་རེད། 

གསལ་སྒྲོག་ལས་བཤད་རྒྱུར། ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་ནང་དུ་འདུས་པའི་ཅཱ་ཧྲ་ས་ཁུལ་ནས་བྱུང་བའི་བྱ་འགུལ་ཚང་མ་དང་དེ་ལས་བྱུང་བའི་མཇུག་འབྲས་ལ་འགན་ཁུར་དགོས་ཟེར། 

དེ་ནི་དབྱི་སི་རལ་གྱིས་ཉེ་སྔོན་ཡང་བསྐྱར་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན་ལ་འཇབ་རྒོལ་བྱས་པ་རེད། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན། ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། དབྱི་སི་རལ་གྱི་མི་སེར་དཀྱུས་མ་གཅིག་ལ་རྨས་ཕོག དེའི་རྗེས་སུ་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་ཧཱ་མཱ་སིའི་དམག་དོན་སོ་ལྟ་ཁང་མང་བོར་འཇབ་རྒོལ་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་ཞིང་བ་འགར་རྨས་ཕོག

ཉིས་སྟོང་ཉེར་གཅིག་ལོའི་ཟླ་ལྔ་བར། དབྱི་སི་རལ་དང་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་བར་འཁྲུག་རྩོད་ཚབས་ཆེན་བྱུང་བ་དང་། འཁྲུག་རྩོད་ལས་མི་སེར་དཀྱུས་མ་སྟོང་ཕྲག་འགར་ཤི་རྨས་ཐེབས་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེང་སེམས་ཁུར་ཆེན་པོ་བྱས། ཨེ་ཅིབ་ཀྱི་བར་འདུམ་འོག་ཏུ། ཧཱ་མཱ་སི་དང་དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པ་དང་། ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན་དངོས་སུ་འཁྲུག་རྩོད་མཚམས་བཞག་པ་རེད། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།