ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་ངལ་རྩོལ་ཏང་གིས་ལོ་གསར་བའི་ནང་དཔལ་འབྱོར་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་རྒྱུ་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། ཚོགས་ཡུན་ཉིན་ལྔ་ཡིན་པའི་ཁྲའོ་ཞན་ངལ་རྩོལ་ཏང་གི་སྐབས་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྲོལ། ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨིན་གྱིས་ཚོགས་ཐོག་ནས་ནན་གྱིས་བསྟན་དོན།

ལོ་གསར་བའི་ནང་ཁྲའོ་ཞན་གྱི་མདུན་དུ་ལྷགས་པའི་གཞི་རྩའི་ལས་འགན་ནི་ལོ་ལྔའི་འཆར་གཞི་ལག་བསྟར་བྱེད་ཆེད་བློ་གཏད་རུང་བའི་འགན་སྲུང་འདོན་སྤྲོད་བྱེད་པ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དམངས་འཚོའི་ཐད་ལེགས་བཅོས་མངོན་གསལ་ཐོབ་པར་བྱས་ཏེ། ལོ་རྒྱུས་ཀྱི་ལེའུ་གསར་བ་གསར་འབྱེད་བྱེད་དགོས་ཟེར། 

ཅིན་ཀྲིན་ཨིན་གྱིས་ཚོགས་ཐོག་ནས་རྩ་འཛིན་རང་བཞིན་གྱི་སྙན་ཞུ་ཉིས་སྟོང་ཉེར་གཉིས་ལོའི་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་བྱེད་ཕྱོགས་ཞེས་པ་སྤེལ། ཁོས་སྙན་ཞུའི་ནང་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོར་ཁྲའོ་ཞན་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱབ་ཁོངས་མང་བོ་དང་། ཁྱད་པར་དུ་ཞིང་ལས་ཐོན་སྐྱེད་དང་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་ཐད་ནས་མི་སེམས་འགུལ་བའི་གྲུབ་འབྲས་བླངས་ཡོད་ཟེར། 

ཅིན་ཀྲིན་ཨིན་གྱིས་བཤད་རྒྱུར། ལོ་གསར་བའི་ནང་། དཔལ་འབྱོར་བྱ་བའི་ཁྲོད་གཞི་རྩའི་འཛུགས་སྐྲུན་དེ་གོ་གནས་གཙོ་བོར་འཇོག་དགོས་པ་དང་། གང་ནུས་ཀྱིས་མི་དམངས་ཀྱི་ལྟོ་རྒྱབ་དང་སྡོད་ཁང་གི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་དུས་རབས་བརྒལ་བའི་གྲུབ་འབྲས་ལོན་པར་བྱེད་དགོས་ཟེར། སྙན་ཞུ་ལས་ད་རུང་ནན་གྱིས་བསྟན་དོན། རིམས་འགོག་བྱ་བ་དེ་རྒྱལ་ཁབ་ཀྱི་དོན་ཆེན་དུ་བཟུང་སྟེ་ལྷོད་ཡངས་ཀྱི་བསམ་ཚུལ་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་ཟེར། 

རྒྱལ་སྲུང་འཛིན་སྐྲུན་གླེང་སྐབས་ཅིན་ཀྲིན་ཨིན་གྱིས་བཤད་རྒྱུར། རྒྱལ་སྲུང་བཟོ་ལས་སྡེ་ཁག་གིས་མུ་མཐུད་དུ་བླངས་པའི་གྲུབ་འབྲས་རྒྱ་བསྐྱེད་པ་དང་། ཤུགས་ཆེན་པོས་དེང་རབས་འཐབ་འཁྲུག་དང་འཚམ་པའི་འཐབ་རྩལ་ལག་རྩལ་སྒྲིག་ཆས་ཀྱི་གསར་སྤེལ་དང་ཐོན་སྐྱེད་ལ་ཤུགས་སྣོན་བྱས་ཏེ། འཆར་གཞི་ལྟར་རྒྱལ་སྲུང་བཟོ་ལས་ཀྱི་བརྗོད་དོན་ཅན་དང་དེང་རབས་ཅན། ཚན་རིག་ཅན་གྱི་དམིགས་འབེན་དངོས་འབེབས་བྱེད་དགོས་ཟེར། 

ཅིན་ཀྲིན་ཨིན་གྱིས་གྲོས་ཚོགས་སྐབས་སུ་ད་རུང་ང་ཚོའི་ཁྲའོ་ཞན་རྣམ་པ་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་འཕེལ་རྒྱས་སུ་གཏོང་བའི་རླབས་ཆེན་དུས་རབས་གསར་འབྱེད་བྱེད་ཅེས་པའི་སྙན་ཞུ་ཕུལ་ནས། མིག་སྔར་ཡང་དག་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེའི་གནད་དོན་ཐག་གཅོད་བྱེད་པའི་གལ་ཆེན་རང་བཞིན་དང་དོན་སྙིང་ནན་བཤད་བྱས་པར་མ་ཟད། བྱེ་བྲག་གི་ཐག་གཅོད་བྱེད་ཐབས་བཏོན་ཡོད། 

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། གྲོས་ཚོགས་ནས་ཁྲའོ་ཞན་གྱི་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་ཁབ་སྔོན་རྩིས་དང་ཉིས་སྟོང་ཉེར་གཉིས་ལོའི་བྱ་བའི་འཆར་གཞི་སོགས་གྲོས་ཆོད་རབ་དང་རིམ་པར་གྲོས་འཆམ་བྱུང་། གྲོས་ཚོགས་ནས་ད་རུང་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཆབ་སྲིད་ཅུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གསབ་འདེམས་བྱས། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།